ཧཱ་མཱ་སིའི་མཐོ་རིམ་དཔོན་རིགས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་དཔུང་འཇུག་བྱས་ན་གྲོས་མོལ་མཚམས་འཇོག་འཇོག་རྒྱུའི་ཚུལ་བསྟན།
2024.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དཔོན་རིགས་ཧཱ་མུའུ་ཏན་གྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་སྨྱན་བྱད་ལ་བསྟན་དོན། གལ་ཏེ་དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱས་ན། ཧཱ་མཱ་སི་ཡིས་དབྱི་སི་རལ་བར་གྱི་གྲོས་མོལ་གང་རུང་མཚམས་འཇོག་རྒྱུ་ཡིན་ཟེར།

ཧཱ་མུའུ་ཏན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ལཱ་ཧྥ་རུ་དཔུང་འཇུག་བྱེད་པའི་འཇིགས་སྐུལ་བྱེད་པ་ནི་གྲོས་མོལ་ཁྲོད་ཀྱི་གཡོ་ཐབས་ཤིག་ཡིན་པ་དང་། ཧཱ་མཱ་སིའི་དམག་དོན་སྟོབས་ཤུགས་ཀྱིས་དབྱི་སི་རལ་གྱིས་ལཱ་ཧྥ་ནས་དམག་དོན་འགུལ་སྐྱོད་སྤེལ་བར་ངོ་རྒོལ་བྱེད་པའི་ནུས་པ་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སྔོན་ཆད་ཐེངས་མང་བོར་བསྟན་དོན། ལཱ་ཧྥ་རུ་ཡོད་པའི་ཧཱ་མཱ་སིའི་སྒར་ཤོག་བཞི་ཚར་གཅོད་བྱས་ན། དབྱི་སི་རལ་གྱིས་ད་གཟོད་རང་གི་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་ཆེན་པོ་གསུམ་མངོན་འགྱུར་བྱེད་ཐུབ། དེའི་ནང་བཀག་འཇུག་ཐེབས་པའི་དབྱི་སི་རལ་གྱི་མི་སྣ་ཚང་མ་ཕྱིར་སྐྱོབ་པ་དང་ཧཱ་མཱ་སི་ཚར་གཅོད་བྱེད་པ། ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་ལ་འཇིགས་ཉེན་ཅི་ཡང་བཟོ་མི་ཐུབ་པར་འགན་སྲུང་བྱེད་པ་བཅས་འདུས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་བསྟན་དོན། དབྱི་སི་རལ་དང་ཧཱ་མཱ་སི་ཡིས་གྲོས་མཐུན་བཀོད་མིན་གང་ཡིན་རུང་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།