མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྐོར་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ཡང་བསྐྱར་སླར་གསོ་བྱེད་རྒྱུ་རེད།
2024.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སིའི་མགྲིན་ཚབ་པ་ཀི་ལོས་ལེ་ཡིས་ཟླ་ལྔ་བའི་ཚེས་གཅིག་ཉིན་བཤད་རྒྱུར། ཧྥོ་ལིང་ཞི་སི་ཡིས་ཁོངས་གཏོགས་རྒྱལ་ཁབ་ལ་བརྡ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ཐེངས་བཅུ་བ་ཚེས་བཅུ་ཉིན་སླར་གསོ་བྱས་ནས་སྤེལ་རྒྱུ་རེད་ཟེར།

ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་བྲེལ་མྱུར་ངང་གྲོས་ཚོགས་སླར་གསོ་བྱེད་པའི་རྒྱབ་ལྗོངས་ནི་ཨ་མེ་རི་ཁས་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་ཕཱ་ལེ་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་འདོད་པའི་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་ཞིག་ལ་ཁས་ལེན་མ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་ལྟ་ཞིབ་པ་མན་སུའུ་ཨར་གྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨ་མེ་རི་ཁས་ཁས་ལེན་མི་བྱེད་པའི་དབང་ཆ་བེད་སྤྱོད་བྱས་པའི་སྐོར་གྱི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་བྲེལ་མྱུར་ངང་ཕཱ་ལེ་སི་ཐན་རྒྱལ་ཁབ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་མངོན་གསལ་གྱིས་རྒྱབ་སྐྱོར་བྱེད་པ་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནད་དོན་དེར་ཡང་བསྐྱར་གྲོས་ཞིབ་བྱེད་དགོས་པའི་རེ་བ་འདོན་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གསར་བ་དང་ལེན་བྱེད་པའི་སྒྲིག་སྲོལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་རེ་ཞུ་དེ་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་འདོན་དགོས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་མཚམས་སྦྱོར་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་བརྡས་ཐག་བཅད་ནས་གྲོས་མཐུན་འགོད་དགོས། གལ་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་མཚམས་སྦྱོར་མི་བྱེད་པར་ཐག་བཅད་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་དམིགས་བསལ་སྙན་ཞུ་ཞིག་སྤྲོད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཡང་བསྐྱར་གྲོས་ཞིབ་བྱེད་པའི་རེ་བ་འདོན་པའི་དབང་ཆ་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྲེལ་མྱུར་གྲོས་ཚོགས་ཐེངས་བཅུ་བ་དེ་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོའི་ཟླ་བཞི་བར་བསྡུས་པ་དང་། ཐེངས་མང་བོར་ཚོགས་འདུ་མཚམས་བཞག་མྱོང་། ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྲེལ་མྱུར་གྲོས་ཚོགས་ཐེངས་བཅུ་བ་དེ་ཐེངས་གཉིས་ལ་སླར་གསོ་བྱས་ཏེ། སོ་སོར་ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་མཇུག་སྒྲིལ་བའི་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།