ཁོ་ལོམ་པུ་ཡཱའི་ཙུང་ཐུང་གིས་དབྱི་སི་རལ་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས།
2024.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཕའེ་ཐི་ལོ་ཡིས་ཟླ་ལྔ་བའི་ཚེས་གཅིག་ཉིན་རྒྱལ་ས་པའོ་ཀི་ཏཱ་ནས་ཁྱབ་བསྒྲགས་བྱས་དོན། ཁོ་ལོམ་པུ་ཡཱ་ཡིས་ཚེས་གཉིས་ནས་བཟུང་དབྱི་སི་རལ་བར་གྱི་ཕྱི་ཕྱོགས་འབྲེལ་བ་ཡོད་ཚད་གཅོད་རྒྱུ་ཡིན་ཟེར།

ཕའེ་ཐི་ལོ་ཡིས་ཟླ་ལྔ་བའི་ཚེས་གཅིག་ཉིན་པའོ་ཀི་ཏཱ་ནས་བསྡུས་པའི་འདུ་ཚོགས་ཤིག་གི་སྟེང་བཤད་རྒྱུར། དབྱི་སི་རལ་བར་གྱི་འབྲེལ་ཐག་གཅོད་པའི་རྒྱུ་མཚན་ནི། དབྱི་སི་རལ་གྱི་མགོ་ཁྲིད་པས་རིགས་རྒྱུད་ཚར་གཅོད་བྱས་པས་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ང་ཚོ་རིགས་རྒྱུད་ཚར་གཅོད་དང་མི་རིགས་གང་རུང་ཚར་གཅོད་བྱེད་པའི་དུས་རབས་སུ་ཕྱིར་ལོག་མི་རུང་ཟེར།

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ཚི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཕའེ་ཐི་ལོ་ཡིས་དབྱི་སི་རལ་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། དབྱི་སི་རལ་དང་ཁོ་ལོམ་པུ་ཡཱའི་འབྲེལ་བ་འགྱུར་མི་སྲིད་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་དང་ཁོ་ལོམ་པུ་ཡཱའི་འབྲེལ་བ་མ་གཞི་ནས་བཟང་བས། ཕའེ་ཐི་ལོ་ཡིས་དེ་བསྒྱུར་ཐབས་མེད་ཟེར།

ན་ནིང་གི་ཟླ་བཅུ་བའི་ཚེས་བདུན་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཁོ་ལོམ་པུ་ཡཱ་དང་དབྱི་སི་རལ་གྱི་འབྲེལ་བ་ནམ་རྒྱུན་ཛ་དྲག་ཏུ་གྱུར་ཡོད། ཕའེ་ཐི་ལོ་ཡིས་ཐེངས་མང་བོར་དབྱི་སི་རལ་ལ་རྒོལ་གཏམ་བཏང་བར་མ་ཟད། ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་གཞན་པར་འབོད་སྐུལ་བཏང་ནས། དབྱི་སི་རལ་ལ་རྒོལ་གཏམ་གཏོང་དགོས་པའི་རེ་བ་བཏོན། ན་ནིང་གི་ཟླ་བཅུ་བའི་ཟླ་མཇུག་ཏུ། ཕའེ་ཐི་ལོ་ཡིས་དབྱི་སི་རལ་དུ་སྡོད་པའི་ཁོ་ལོམ་པུ་ཡཱའི་གཞུང་ཚབ་ཆེན་མོ་ཕྱིར་བོས་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།