ཅོར་ཏན་གྱིས་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱི་ཐལ་སྤྱོད་ཉེས་ཅན་གྱིས་རོགས་སྐྱོར་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
2024.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་གྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱི་ཐལ་སྤྱོད་ཉེས་ཅན་གྱིས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་ཅོར་ཏན་གྱི་རླངས་འཁོར་རུ་ཁག་གཉིས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་བྱ་སྤྱོད་དེའི་འགན་ཡོངས་སུ་ཁུར་དགོས་པའི་རེ་བ་བཏོན།

ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། རླངས་འཁོར་རུ་ཁག་དེ་གཉིས་ཅོར་ཏན་གྱི་ཧཱ་ཞེ་མུའུ་དགེ་སྒྲུབ་རྩ་འཛུགས་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་། དེ་མིན་རྒྱལ་སྤྱིའི་དགེ་སྒྲུབ་རྩ་འཛུགས་གཞན་པ་བཅས་ཀྱིས་མཉམ་དུ་རྩ་འཛུགས་བྱས་པ་ཡིན་ལ། ཅཱ་ཧྲ་ས་ཁུལ་དུ་ཟས་རིགས་དང་ཕྱེ། དེ་མིན་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་གཞན་པ་སྐྱེལ་འདྲེན་བྱེད་བཞིན་ཡོད། རླངས་འཁོར་རུ་ཁག་གཅིག་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་ནས་ཅཱ་ཧྲ་ས་ཁུལ་དུ་སོང་བ་དང་། རླངས་འཁོར་རུ་ཁག་གཞན་པ་ཞིག་ཐོག་དང་པོར་ཨེ་ལོས་ཙི་རྒྱུ་ལམ་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་སོང་བ་ཡིན། ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་ཞོགས་པར། རླངས་འཁོར་རུ་ཁག་དེ་གཉིས་སོ་སོར་རྒྱུ་ལམ་དུ་བགྲོད་པའི་ལམ་བར་ནས་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱི་ཐལ་སྤྱོད་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། རྒུད་སྐྱོབ་དངོས་རྫས་སྐོར་ཞིག་ལམ་ནས་བསྐྱུར་བ་དང་། རླངས་འཁོར་རེ་འགར་གཏོར་བརླག་ཐེབས་ཡོད་ཟེར།

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀུའུ་ཏཱ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་སྲིད་གཞུང་གིས་རླངས་འཁོར་རུ་ཁག་ལ་སྲུང་སྐྱོབ་མ་ཐོབ་པར་འཇབ་རྒོལ་ཐེབས་པ་དེས་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་ཆོག་པའི་འདོད་བློ་དང་འོས་འགན་ལ་འགལ་ཡོད་པས། ཉེས་སྤྱོད་དེའི་འགན་ཡོངས་སུ་ཁུར་དགོས་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལངས་ཕྱོགས་མངོན་གསལ་བཟུང་ནས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་གཏོང་དགོས་པར་མ་ཟད། དབྱི་སི་རལ་གྱིས་རང་གི་བཅའ་ཁྲིམས་འོས་འགན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་ནས། རྒུད་སྐྱོབ་རླངས་འཁོར་རུ་ཁག་དང་རྒུད་སྐྱོར་དངོས་རྫས་དང་ལེན་དང་བགོ་བཤའ་བྱེད་པའི་འགན་ཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཏཱ་ཡིས་བཤད་རྒྱུར། འཇབ་རྒོལ་ཐེབས་ཡོད་ཀྱང་རླངས་འཁོར་རུ་ཁག་དེ་གཉིས་ཀྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་བའི་ལས་འགན་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། རང་རང་གི་དམིགས་སའི་ཡུལ་དུ་འབྱོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།