མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ་ཉིས་སྟོང་ཉེར་དྲུག་ལོ་དེ་རྒྱལ་སྤྱིའི་བུད་མེད་ཞིང་བའི་ལོར་ཁྱབ་བསྒྲགས་བྱས།
2024.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་གཉིས་ཉིན་གྲོས་ཆོད་བཀོད་དེ། ཉིས་སྟོང་ཉེར་དྲུག་ལོ་དེ་རྒྱལ་སྤྱིའི་བུད་མེད་ཞིང་བའི་ལོར་ཁྱབ་བསྒྲགས་བྱས།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས། རྒྱལ་སྤྱི་དང་ས་ཁོངས་རྩ་འཛུགས། དེ་མིན་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཁག་གཞན་པ་བཅས་གདན་ཞུ་བྱས་ཡོད་པ་དང་། གནས་ཚུལ་ལྟར་རྒྱལ་སྤྱིའི་བུད་མེད་ཞིང་བའི་ལོར་རྗེས་དྲན་བྱས་ནས། དེའི་ཆེད་དུ་བྱ་འགུལ་སྣ་ཚོགས་སྤེལ་ཏེ་མི་རྣམས་ཀྱི་བུད་མེད་ཞིང་བའི་ཞིང་ལས་འབྲུ་རིགས་མ་ལག་ཧྲིལ་བོའི་ཁྲོད་ཀྱི་བཀག་རྒྱ་དང་འགྲན་རྩོད་ཀྱི་ངོས་ཟིན་མཐོར་འདེགས་བྱེད་དགོས་པ་དང་། དེའི་ཞོར་དུ་ཐག་གཅོད་བྱེད་ཐབས་འདོན་པ་དང་ཞིང་ལས་ཁྱབ་ཁོངས་སུ་ཕོ་མོ་འདྲ་མཉམ་ཡོང་བ་མངོན་འགྱུར་བྱེད་པ། བུད་མེད་ལ་དབང་ཆ་སྩོལ་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་ད་རུང་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ནི་རྒྱལ་སྤྱིའི་རྭ་སྒྲིམ་ར་མའི་ཉིན་མོར་ཁྱབ་བསྒྲགས་བྱས་པ་དང་། གྲོས་ཆོད་ལས་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཁག་གིས་རྒྱལ་སྤྱི་དང་ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བསམ་བློ་བཏང་སྟེ། རྭ་སྒྲིམ་ར་མའི་སྲུང་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་། གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་རྒྱལ་སྤྱིའི་རྭ་སྒྲིམ་ར་མའི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ་བར་རོགས་འདེགས་བྱེད་པར་གདན་ཞུ་བྱས།

གྲོས་ཆོད་ལས་བཤད་རྒྱུར། རྭ་སྒྲིམ་ར་མ་ནི་ཨ་ཧྥུའུ་ཧན་དང་རྒྱ་གར། ཕཱ་ཁི་སི་ཐན། ཐཱ་ཅི་ཁི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་འདུས་པའི་ཨེ་ཤ་ཡཱ་དབུས་མ་དང་ཨེ་ཤ་ཡཱ་ལྷོ་མའི་རི་ཁུལ་དུ་འཚོ་སྡོད་བྱེད་པའི་སྐྱེ་ཁམས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་མཚོན་རྟགས་རང་བཞིན་ལྡན་པའི་སྲོག་ཆགས་རིགས་ཤིག་ཡིན་པ་དང་། རྭ་སྒྲིམ་ར་མ་དེ་ཉིས་སྟོང་བཅུ་བཞི་ལོར་རྒྱུད་ཆད་ཉེན་ཁ་ཡོད་པའི་སྲོག་ཆགས་ཀྱི་གྲས་སུ་བཞག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།