མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་འཐབ་འཁྲུག་གིས་ཅཱ་ཧྲའི་འཕེལ་རྒྱས་ཆུ་ཚད་ལོ་བཅུར་ཕྱིར་ནུར་བྱེད་དུ་བཅུག་ཡོད་པའི་ཚུལ་བསྟན།
2024.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

མཉམ་འབྲེལ་རྒྱལ་ཚོགས་གསར་འགོད་འཆར་འགོད་ཁང་དང་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་སྙན་ཞུ་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལས་ས་ཁུལ་དེའི་འཕེལ་རྒྱས་ཆུ་ཚད་ལོ་བཅུར་ཕྱིར་ནུར་བྱེད་དུ་བཅུག་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། མིག་སྔར་ཅཱ་ཧྲའི་འཁྲུག་རྩོད་དེ་བྱུང་ནས་ཟླ་ངོ་བདུན་འགོར་ཡོད་པ་དང་། གལ་ཏེ་འཁྲུག་རྩོད་དེ་ཟླ་ངོ་བདུན་ལས་བརྒལ་ན་ཅཱ་ཧྲ་ས་ཁུལ་གྱི་འཕེལ་རྒྱས་ཆུ་ཚད་དེ་ལོ་ངོ་སོ་བདུན་གྱིས་ཕྱིར་ནུར་བྱེད་སྲིད་ལ། གལ་ཏེ་འཁྲུག་རྩོད་དེ་ཟླ་ངོ་དགུ་འགོར་ན། ཅཱ་ཧྲ་ས་ཁུལ་གྱི་ལོ་ངོ་ཞེ་བཞིའི་འཕེལ་རྒྱས་གྲུབ་འབྲས་དེ་ཤུལ་མེད་དུ་འགྲོ་སྲིད་པ་དང་། འཕེལ་རྒྱས་ཆུ་ཚད་དེ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་ཚད་དུ་ཕྱིར་ནུར་བྱེད་སྲིད། ཕཱ་ལེ་སི་ཐན་ཧྲིལ་བོར་མཚོན་ན། གལ་ཏེ་ཅཱ་ཧྲའི་འཁྲུག་རྩོད་དེ་ཟླ་ངོ་དགུར་རྒྱུན་བསྲིངས་ན་འཕེལ་རྒྱས་སུ་ཚད་ལོ་ངོ་ཉི་ཤུས་ཕྱིར་ནུར་བྱེད་སྲིད་ཟེར།

སྙན་ཞུ་ལས་བཤད་རྒྱུར། གལ་ཏེ་ཅཱ་ཧྲའི་འཁྲུག་རྩོད་ཟླ་ངོ་བདུན་ལས་བརྒལ་ན། ཕཱ་ལེ་སི་ཐན་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་ཉེར་དྲུག་ཇེ་དམའ་རུ་འགྲོ་སྲིད་པ་དང་། མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གཅིག་གི་གྱོང་གུད་ཐེབས་སྲིད་ལ། དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི་ང་བརྒྱ་དང་གྲངས་ཆུང་བཞིར་འཕར་བ་དང་། གསར་དུ་དབུལ་ཕོངས་སུ་གྱུར་བའི་མི་གྲངས་ས་ཡ་གཅིག་དང་འབུམ་བདུན་ཁྲི་བཞི་ཡིན་ལ། ལས་ཤོར་གྱི་ཚད་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་བདུན་ཡིན། གལ་ཏེ་འཁྲུག་རྩོད་དེ་ཟླ་ངོ་དགུ་ལས་བརྒལ་ན། ཕཱ་ལེ་སི་ཐན་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་ཉེར་དགུ་ཇེ་དམའ་རུ་འགྲོ་སྲིད་ཅིང་། མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དྲུག་གི་གྱོང་གུད་འབྱུང་སྲིད་པ་དང་། དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་བདུན་ལ་འཕར་སྲིད་ལ། གསར་དུ་དབུལ་ཕོངས་སུ་གྱུར་བའི་མི་གྲངས་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་དྲུག་ཡིན་པ་དང་། ལས་ཤོར་གྱི་ཚད་བརྒྱ་ཆའི་ཞེ་བདུན་དང་གྲངས་ཆུང་བརྒྱད་ལ་བསླེབ་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་མགོ་བ་ཧྲི་ཐེ་ནཱ་ཡིས་བསྟན་དོན། འཐབ་འཁྲུག་དེ་ཉིན་གཅིག་ལ་རྒྱུན་བསྲིང་ན་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དང་ཕཱ་ལེ་སི་ཐན་གྱི་མིས་རྙོག་འཛིང་ཆེ་བའི་རིན་དོད་ཆེན་པོ་གཏོང་དགོས་ཡོད། ད་ལྟ་དང་དུས་འབྲིང་། དུས་ཡུན་རིང་བོ་གང་ཡིན་ཡང་གཞི་གྲངས་གསར་བ་དེ་དག་གིས་ཅཱ་ཧྲ་ས་ཁུལ་གྱི་དཀའ་སྡུག་དེ་འཐབ་འཁྲུག་མཇུག་སྒྲིལ་བ་ལས་མཇུག་སྒྲིལ་མི་སྲིད་པའི་ཉེན་བརྡ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།