ཐུར་ཁེའི་ཉོ་ཚོང་པུའུ་ཡིས་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་ལས་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད་པས། ཐུར་ཁེ་ཡིས་དབྱི་སི་རལ་བར་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ཡོད་ཚད་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།
ཐུར་ཁེའི་ཉོ་ཚོང་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་ལས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཟོས་པ་དང་ས་དེའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པའི་དབང་གིས་ཐུར་ཁེ་ཡིས་ཟླ་བཞི་བའི་ཚེས་དགུ་ཉིན་དུས་རིམ་དང་པོར་དབྱི་སི་རལ་དུ་ཚོང་རྫས་རིགས་ང་བཞི་ཕྱིར་གཏོང་བྱེད་མཚམས་བཞག་ཀྱང་། དབྱི་སི་རལ་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་མཚམས་མ་བཞག་པར་ས་དེར་སྔར་ལས་ལྷག་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཟོས་ཡོད། དེ་བས་ཐུར་ཁེ་ཡིས་དུས་རིམ་གཉིས་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། དབྱི་སི་རལ་བར་གྱི་ཕྱི་གཏོང་ཉོ་ཚོང་བྱ་འགུལ་ཚང་མ་མཚམས་འཇོག་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེ་ཡིས་བྱེད་ཐབས་གསར་བ་ལག་བསྟར་བྱས་ནས་དབྱི་སི་རལ་སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདང་ཚིམས་པ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་དུ་འཇུག་རྒྱུ་ཡིན་ཟེར།
ཐུར་ཁེའི་ཉོ་ཚོང་པུའུ་ཡིས་ད་རུང་བཤད་རྒྱུར། ཐུར་ཁེ་དང་ཕཱ་ལེ་སི་ཐན་དཔོན་ཕྱོགས་ཀྱིས་ཧུར་ཐག་སྒོས་མཐུན་སྦྱོར་བྱས་འོག དབྱི་སི་རལ་གྱི་དམག་དོན་ཤུགས་རྐྱེན་ཐེབས་པའི་ཕཱ་ལེ་སི་ཐན་མི་དམངས་ལ་བྱེད་ཐབས་དེའི་གནོད་པ་མི་ཐེབས་པར་འགན་སྲུང་བྱས་ཡོད་ཟེར།
ཐུར་ཁེའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་ཐུར་ཁེ་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་བརྒྱད་ལ་བསླེབས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།