ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཧུར་ཐག་གི་རྣམ་འགྱུར་བཟུང་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཚེས་གཉིས་ཉིན་ཨེ་ཅིབ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁཱ་མེད་ལེ་ལ་ཁ་པར་བཏང་སྟེ། ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་གཟེངས་བསྟོད་བྱས་པ་དང་། གང་མགྱོགས་སྒོས་འཐུས་ཚབ་ཚོགས་པ་མངག་ནས་ཨེ་ཅིབ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་ཞིབ་ཏུ་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།
ཨེ་ཅིབ་གསང་འཕྲིན་སྡེ་ཁག་གི་འབྲེལ་ཡོད་མི་སྣ་གཉིས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། ཧཱ་མཱ་སི་ཡིས་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བའི་གནད་དོན་ཐད་ནས་བབ་བསྟུན་གྱི་རྣམ་འགྱུར་བསྟན་ཡོད་ལ། ཨེ་ཅིབ་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་མ་གཏོང་བཞིན་ཡོད་ཟེར།
ཨེ་ཅིབ་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས་གཉིས་ཉིན་ཨེ་ཅིབ་གསང་འཕྲིན་སྡེ་ཁག་གི་མཐོ་རིམ་མི་སྣའི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ཡོད་ཟེར། ཨེ་ཅིབ་ཁེ་རོའི་གསར་འགྱུར་དྲ་བས་ཀྱང་ཨེ་ཅིབ་ཀྱིས་ཕྱོགས་སོ་སོའི་བར་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད་པ་དང་། མིག་སྔར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།