སེར་ཝེ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཚེས་གཉིས་ཉིན་རྒྱལ་ས་པེ་ཨར་ཀི་ལའེ་ཏི་ནས་འདེམ་ཤོག་འཕངས་ཏེ་སྐབས་གསར་བའི་སྲིད་གཞུང་གི་མིང་ཐོར་གྲོས་འཆམ་བྱུང་བ་དང་། སྲིད་འཛིན་ཏང་སེར་ཝེ་ཡཱའི་མདུན་སྐྱོད་ཏང་གི་ཀྲུའུ་ཞི་ཝུའུ་ཆེ་ཝེ་ཆི་ཡིས་ཙུང་ལིའི་འགན་ཁུར།
ནེ་ཀི་གསར་བར་བསྡོམས་པས་པུའུ་ཀྲང་སུམ་ཅུ་བཀོད་སྒྲིག་བྱས་ཡོད། དེའི་ནང་ཞི་ནེ་ཧྲ་མཱ་ལེ་ཡིས་ཙུང་ལི་གཞོན་པ་དང་པོའམ་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་ཡོད་པ་དང་། དབྱེ་ཝེ་ཁྲ་ཏཱ་ཆི་ཆི་ཡིས་ཙུང་ལི་གཞོན་པའམ་ནར་སྲིད་པུའུ་ཀྲང་གི་འགན་ཁུར་ཡོད། དབྱེ་ལོས་ནཱ་ཝུའུ་ཡའོ་ཝེ་ཆི་ཡིས་ཙུང་ལི་གཞོན་པའམ་ཁོར་ཡུག་པུའུ་ཀྲང་གི་འགན་ཁུར་ཡོད། སྔོན་ཆད་ནང་སྲིད་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་མྱོང་བའི་ཝུའུ་ལིན་གྱིས་ཙུང་ལི་གཞོན་པའི་འགན་ཁུར་ཡོད།
ཝུའུ་ཆེ་ཝེ་ཆི་ཡིས་ཚེས་གཅིག་ཉིན་གྲོས་ཁང་ལ་སྲིད་སྐྱོང་རྩ་འཛིན་མཚམས་སྦྱོར་བྱེད་སྐབས་བཤད་རྒྱུར། སྔོན་ཆད་ཀྱི་ཙུང་ལི་པུའུ་ཨར་ནཱ་པུས་ཆི་ཡི་སྲིད་ཇུས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་དང་དམག་དོན་ཐད་ནས་དབུས་གནས་བྱེད་པར་འབད་འབུངས་བྱེད་རྒྱུ་མ་ཟད་ཡོ་རོབ་གླིང་གི་གཞི་གཅིག་ཅན་དེ་འཐབ་ཇུས་དམིགས་འབེན་དུ་བྱེད་རྒྱུ་ཡིན་ཟེར།
ཝུའུ་ཆེ་ཝེ་ཆི་ནི་གཅིག་སྟོང་དགུ་བརྒྱ་དོན་བཞི་ལོར་སེར་ཝེ་ཡཱའི་གྲོང་ཁྱེར་ཆེན་མོ་གཉིས་པ་ནོའུ་ཝེ་སཱ་ཏི་ནས་སྐྱེས་པ་དང་། སྔོན་ཆད་ནོའུ་ཝེ་སཱ་ཏིའི་ཧྲི་ཀྲང་གི་འགན་ཁུར་མྱོང་། ཁོས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་བ་ནས་བཟུང་སེར་ཝེ་ཡཱའི་ཙུང་ལི་གཞོན་པའམ་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་བ་དང་། ན་ནིང་ཟླ་ལྔ་བར་སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡི་ཚབ་ཏུ་སེར་ཝེ་ཡཱའི་མདུན་སྐྱོད་ཏང་གི་ཀྲུའུ་ཞིའི་འགན་ཁུར་བ་རེད།
པུའུ་ཨར་ནཱ་པུས་ཆི་ཡིས་ད་ལོའི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་སེར་ཝེ་ཡཱའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དུ་བདམས་པ་དང་། ཝུའུ་ཆི་ཆི་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་དོན། ཝུའུ་ཆེ་ཝེ་ཆི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འདེམ་སྒུག་པར་མིང་འདོན་བྱས་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།