ཨེ་ཀྭ་ཏོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཨེ་ཀྭ་ཏོར་གྱི་ཐོན་སྐྱེད་དང་ཕྱི་ཕྱོགས་ཉོ་ཚོང་། དངུལ་གཏོང་། ཉ་གསོ་ལས་རིགས་པུའུ་ཡིས་ཉེ་སྔོན་ཨེ་ཀྭ་ཏོར་གྱི་རྒྱལ་ས་ཅི་ཏའོ་ནས་མཉམ་དུ་ཀྲུང་གོ་དང་ཨེ་ཀྭ་ཏོར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ནུས་ལྡན་དུ་གྱུར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ། ཀྲུང་གོ་དང་ཨེ་ཀྭ་ཏོར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་ཉིས་བརྒྱ་དང་ལྔ་བཅུ་ཙམ་མཛད་སྒོར་ཞུགས།
ཨེ་ཀྭ་ཏོར་གྱི་ཐོན་སྐྱེད་དང་ཕྱི་ཕྱོགས་ཉོ་ཚོང་། དངུལ་གཏོང་། ཉ་གསོ་ལས་རིགས་པུའུ་ཡི་པུའུ་ཀྲང་ཅཱ་ཞི་ཡཱ་ཡིས་བཤད་རྒྱུར། རང་དབང་ཉོ་ཚོང་གྲོས་ཆོད་ལག་བསྟར་བྱས་པ་ནི་ཨེ་ཀྭ་ཏོར་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་རེ་འདུན་མཚོན་ཡོད། ཨེ་ཀྭ་ཏོར་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་ལ་འཕར་སྣོན་མགྱོགས་པོ་བྱུང་ནས་ཨེ་ཀྭ་ཏོར་ལ་ལས་ཞུགས་ལས་གནས་མང་བོ་བསྐྲུན་ཐུབ་པ་དང་། དམངས་འཚོའི་ཕན་བདེ་ལེགས་བཅོས་བྱེད་པར་རོགས་་འདེགས་བྱེད་ཐུབ་ལ། ཨེ་ཀྭ་ཏོར་དང་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ལ་གཞོགས་འདེགས་བྱེད་པར་ཕན་ཐོགས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་སྦྲེལ་ལ་ཡར་སྐུལ་བྱེད་ཐུབ་ཟེར།
ཨེ་ཀྭ་ཏོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་གོ་ཡུག་གིས་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་ཨེ་ཀྭ་ཏོར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་དངོས་སུ་ནུས་ལྡན་དུ་གྱུར་བ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པའི་བརྡ་གསལ་བོ་བཏང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་གྲོས་ཆོད་ཀྱི་གཟིགས་སྐྱོང་ཆ་རྐྱེན་བེད་སྤྱོད་གང་ལེགས་བྱས་ཤིང་། ཚོང་རའི་གོ་སྐབས་དང་དངུལ་གཏོང་གོ་སྐབས། འཕར་སྣོན་གོ་སྐབས་བཅས་དམ་འཛིན་བྱས་ཏེ། ཀྲུང་གོའི་སྐུལ་འདེད་འགྲེམ་སྟོན་ཚོགས་འདུ་སོགས་འགྲེམ་སྟོན་སྟེགས་བུ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཡང་བསྐྱར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཨེ་ཀྭ་ཏོར་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་མཛད་སྒོའི་སྟེང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་། གྲོས་ཆོད་དངོས་སུ་ནུས་ལྡན་དུ་གྱུར་བ་དེས་ཨེ་ཀྭ་ཏོར་གྱི་ཕྱིར་གཏོང་ལས་རིགས་ལ་གོ་སྐབས་གསར་བ་སྦྱིན་ཡོད་པ་དང་། དེའི་ཞོར་དུ་ཀྲུང་གོའི་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱས་པ་ལས་ཨེ་ཀྭ་ཏོར་གྱི་ཐོན་སྐྱེད་ལས་རིགས་ལའང་འཕར་སྣོན་གསར་བ་འབྱུང་སྲིད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་དང་ཨེ་ཀྭ་ཏོར་ཕྱོགས་གཉིས་ཀྱིས་རང་རང་རྒྱལ་ཁབ་ནང་གི་དཔྱད་་ཞིབ་ཆོག་མཆན་འགོད་པའི་ལས་རིམ་ཡོངས་འགྲུབ་བྱས་པ་དང་། ཀྲུང་གོ་དང་ཨེ་ཀྭ་ཏོར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་དེ་ད་ལོའི་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ནུས་ལྡན་དུ་གྱུར་བ་རེད། གྲོས་ཆོད་ནུས་ལྡན་དུ་གྱུར་རྗེས། ཀྲུང་གོ་དང་ཨེ་ཀྭ་ཏོར་ཕྱོགས་གཉིས་ཀྱིས་སོ་སོར་བརྒྱ་ཆའི་དགུ་བཅུའི་ཁྲལ་བསྡུའི་རྣམ་གྲངས་ལ་རིམ་བཞིན་ཕན་ཚུན་གྱི་སྒོ་ཁྲལ་མེད་པར་གཏོང་རྒྱུ་ཡིན་པ་དང་། ཕན་ཚུན་གྱི་ཕྱིར་གཏོང་ཐོན་རྫས་གཙོ་བོ་དག་ལ་ཁེབས་ཡོད། དེའི་ནང་བརྒྱ་ཆའི་དྲུག་ཅུའི་ཁྲལ་བསྡུའི་རྣམ་གྲངས་ལ་ཚེས་གཅིག་ཉིན་སྒོ་ཁྲལ་མེད་པར་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།