ཀྲུང་གོའི་མི་དམངས་སློབ་ཆེན་དང་ཨོ་མིན་སློབ་ཆེན། ཕུའུ་ཐའོ་ཡཱའི་ཁི་དབྱིན་པུའུ་ལཱ་སློབ་ཆེན་བཅས་སློབ་གྲྭ་གསུམ་གྱིས་སློབ་གསོའི་ཚན་ཞིབ་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་འགོད་པའི་མཛད་སྒོ་ཚེས་གཉིས་ཉིན་ཁི་་དབྱིན་པུའུ་ལཱ་སློབ་ཆེན་ནས་སྤེལ།
ཕུའུ་ཐའོ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་པིན་ཐང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་སུ་སོང་། སློབ་ཆེན་དེ་གསུམ་གྱིས་ལག་རྡང་སྦྲེལ་ནས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་བའི་རྨང་གཞིའི་སྟེང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ངང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས། ཀྲུང་གོ་དང་ཕུའུ་ཐའོ་ཡཱ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།
ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏུང་ཀང་གིས་བསྟན་དོན། ཀྲུང་གོའི་མི་དམངས་སློབ་ཆེན་གྱིས་ཨོ་མིན་སློབ་ཆེན་དང་ཁི་དབྱིན་པུའུ་ལཱ་སློབ་ཆེན་གཉིས་དང་མཉམ་དུ་ལག་རྡང་སྦྲེལ་ནས། སྣ་མང་མཉམ་ལས་བརྗེ་རེས་སྤེལ་འདོད་ཡོད་ལ། འཇོན་མིའི་གསོ་སྐྱོང་བྱེད་པའི་བྱེད་ཐབས་གསར་བ་གསར་བསྐྲུན་བྱེད་པ་དང་ཚན་རིག་ཞིབ་འཇུག་ལ་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱེད་ཆེད། བརྗེ་རེས་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། དཔལ་ཡོན་དཔེར་ལེན་གྱི་ཆེད་དུ་སྟེགས་བུ་གསར་བ་བསྐྲུན་དགོས་ཟེར།
ཁི་དབྱིན་པུའུ་ལཱ་སློབ་ཆེན་གྱི་སློབ་གཙོ་ཧྥ་ཨར་ཁང་གིས་བསྟན་དོན། ཐེངས་འདིའི་གྲོས་མཐུན་བཀོད་པ་ལས་རིག་གནས་མཉམ་འདྲེས་དང་རིགས་གཞུང་མཉམ་ལས་ཀྱི་སྟོབས་ཤུགས་བདེན་དཔང་བྱས་ཏེ། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་རིག་གནས་བརྗེ་རེས་ཐད་མིག་དཔེ་བསྟན་ཡོད་ཟེར།
མཐོ་རིམ་སློབ་གྲྭ་གསུམ་གྱི་འགན་ཁུར་བས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བརྗེ་རེས་ཟབ་མོ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།