མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཀྲི་ལིའི་ཙུང་ཐུང་གིས་དབྱི་སི་རལ་དང་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་མ་བཏང་།
2024.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི་གཉིས་ཀྱིས་ཚེས་གཉིས་ཉིན་ཀྲི་ལི་ནས་མཉམ་དུ་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་སྐུལ་མ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་དང་པའོ་་ལི་ཆི་གཉིས་ཀྱིས་ཉིན་དེར་ཀྲི་ལིའི་རྒྱལ་ས་ཧྲིན་ཏིས་ཡཱ་ཀི་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་ཁོ་གཉིས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁོས་ནམ་རྒྱུན་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ། གཞི་རྒྱ་ཆེ་བའི་མི་ཆོས་རོགས་སྐྱོར་ཁ་སྣོན་བྱེད་པ་བཅས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། ཡིད་ཕངས་པ་ཞིག་ལ་དེ་ཡོད་ཚད་ད་ལྟའི་བར་མངོན་འགྱུར་བྱུང་མེད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ས་ཁུལ་དང་འཛམ་གླིང་གི་ཞི་བདེའི་ཆེད་དུ། ཁོས་དབྱི་སི་རལ་སྲིད་གཞུང་དང་ཧཱ་མཱ་སིའི་མགོ་ཁྲིད་རིམ་པས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་། གལ་ཏེ་ཕྱོགས་གཉིས་ཀྱིས་གྲོས་མཐུན་འགོད་མ་ཐུབ་ན། ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་ལས་སྔར་ལས་ཚབས་ཆེ་བའི་མཇུག་འབྲས་འབྱུང་སྲིད་ཟེར།

པའོ་ལི་ཆི་་ཡིས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་ཚབས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་འབྱུང་བཞིན་ཡོད་ལ། ཀྲི་ལི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་རེ་བ་བཏོན་པར་མ་ཟད། ཅཱ་ཧྲ་ས་ཁུལ་གྱི་གནོད་ཐེབས་མཁན་ལ་རོགས་སྐྱོར་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར། པའོ་ལི་ཆི་ཡིས་ད་རུང་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ནས་ཐེངས་མང་བོར་ཁས་ལེན་མི་བྱེད་པའི་དབང་ཆ་ལག་བསྟར་བྱེད་པའི་བྱ་སྤྱོད་ལ་སྐྱོན་འཛུགས་བྱས།

སྐབས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐེངས་ལྔ་ལ་ཁས་ལེན་མི་བྱེད་པའི་དབང་ཆ་ལག་བསྟར་བྱས་པ་དང་། དེའི་ནང་ཐེངས་བཞིར་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་བཀག་རྒྱ་བཟོས་པར་མ་ཟད། ཕཱ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ནང་དངོས་སུ་ཞུགས་པར་བཀག་འགོག་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།