ཙེ་ལེན་སི་ཅི་ཡིས་དབྱིན་ཇི་ཕྱོགས་ཀྱིས་གང་མགྱོགས་སྒོས་ཁས་ལེན་བྱས་པའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་གཉིས་ཉིན་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཁཱ་མཱེ་ལོན་དང་གྲོས་མོལ་བྱས། ཙེ་ལེན་སི་ཅི་ཡིས་དབྱིན་ཇིའི་ཕྱོགས་ཀྱིས་གང་མགྱོགས་སྒོས་ཁས་ལེན་པའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཙེ་ལེན་སི་ཅི་ཡིས་གྲོས་མོལ་བྱེད་སྐབས། དབྱིན་ཇི་ཕྱོགས་ཀྱིས་ཉེ་སྔོན་ཝུའུ་ཁི་ལན་ཕྱོགས་ལ་རིན་ཐང་དབྱིན་ཇིའི་སྒོར་མོ་དུང་ཕྱུར་ལྔའི་དམག་དོན་རོགས་སྐྱོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མིག་སྔའི་གནད་འགག་གི་དུས་སྐབས་སུ། དབྱིན་ཇི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འདོན་སྤྲོད་བྱས་པའི་རོགས་སྐྱོར་དེ་ཝུའུ་ཁི་ལན་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།

གཞན་ཡང་ཝུའུ་ཁི་ལན་གྱི་བདེན་ལུགས་ཚགས་པར་གྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་དང་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སི་ཅི་པུས་ཚི་ཅི་ཡིས་ཚེས་གཉིས་ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཟླ་ལྔ་པ་དེ་ཝུའུ་ཁི་ལན་ལ་མཚོན་ན་གནད་འགག་གི་དུས་སྐབས་ཤིག་ཡིན་ཞིང་། ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་ཝུའུ་ཁི་ལན་གྱི་རོགས་སྐྱོར་འཆར་གཞིར་གྲོས་མཐུན་བཀོད་ཡོད་ཀྱང་། རོགས་སྐྱོར་མཚོན་ཆ་གཡུལ་སར་འབྱོར་བར་སྔར་བཞིན་གཟའ་འཁོར་འགའི་དུས་ཚོད་དགོས་ཟེར། ཁོས་ད་རུང་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་དང་ཨུ་རུ་སིའི་མཚོན་ཆའི་ཟད་ཚད་དང་མཁོ་སྒྲུབ་ཆུ་ཚད་ལ་བསམ་བློ་བཏང་སྟེ། ཕྱོགས་གཉིས་ཀྱིས་ཉིས་སྟོང་ཉེར་ལྔ་ལོའི་ལོ་སྨད་དུ་ད་གཟོད་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་བྱེད་ཐུབ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།