ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ལ་འབྲེལ་བ་ཡོད་པའི་གྲུ་གཟིངས་ལ་འཇབ་རྒོལ་བྱེད་པའི་ཁྱབ་ཁོངས་ས་དཀྱིལ་མཚོ་ཁོངས་བར་རྒྱ་བསྐྱེད་རྒྱུའི་ཚུལ་བསྟན།
2024.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ས་དཀྱིལ་མཚོ་ཁོངས་སུ་འགྲུལ་བཞུད་བྱེད་པའི་དབྱི་སི་རལ་ལ་འབྲེལ་བ་ཡོད་པའི་གྲུ་གཟིངས་ལ་འཇབ་རྒོལ་བྱེད་རྒྱུཡིན་ཟེར།

སཱ་ལོས་ཡཱ་ཡིས་ཚེས་གསུམ་ཉིན་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་ནས་སྤེལ་བའི་འདུ་ཚོགས་ཤིག་གི་སྟེང་བཤད་རྒྱུར། ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་ཧུའུ་སེ་ཡིས་རྩ་འཛུགས་དེས་ས་དཀྱིལ་མཚོ་ཁོངས་ནས་དབྱི་སི་རལ་གྲུ་ཁར་བགྲོད་པའི་གྲུ་གཟིངས་ཡོད་ཚད་ལ་འཇབ་རྒོལ་བྱེད་རྒྱུའི་བཀའ་རྒྱ་བཏང་ཡོད། ཉིན་དེ་ནས་བཟུང་ཧུའུ་སེ་དྲག་ཆས་པས་རང་གི་མཚོན་ཆས་ཁེབས་པའི་ས་དཀྱིལ་མཚོ་ཁོངས་ནས་འབྲེལ་ཡོད་གྲུ་གཟིངས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

དེ་ལས་གཞན་སཱ་ལོས་ཡཱ་ཡིས་ད་རུང་བསྟན་དོན། གལ་ཏེ་དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱས་ན། ཧུའུ་སེ་དྲག་ཆས་པས་མུ་མཐུད་དུ་ཆམ་ཕབ་གཏོང་སའི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་ཡིན། མཚོ་དམར་དང་ཨ་རབ་མཚོ། ཧིན་རྡུ་རྒྱ་མཚོ། ས་དཀྱིལ་མཚོ་སོགས་ནས་འདས་པའི་ཟླ་ངོ་འགའི་ནང་དབྱི་སི་རལ་བར་ཉོ་ཚོང་འབྲེལ་བ་ཡོད་པའི་ཀུང་ཟིའི་གྲུ་གཟིངས་ཚང་མར་ཆམ་ཕབ་བཏང་། གྲུ་གཟིངས་དེ་དག་རྒྱལ་ཁབ་གང་གི་ཡིན་པ་དང་དམིགས་སའི་གྲུ་ཁ་གང་དུ་འགྲོ་བར་ཁྱད་པར་མེད་ཟེར།

ཡེ་མིན་སྲིད་གཞུང་དམག་དཔུང་གི་སྔོན་ཆད་ཀྱི་མཐོ་རིམ་དམག་དཔོན་ཨ་སི་པཱ་ཞེ་ཡིས་དོན་དེའི་ཐད་ནས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ས་དཀྱིལ་མཚོ་ཁོངས་དང་ཡེ་མིན་བར་གྱི་ཆེས་ཐུང་བའི་བར་ཐག་ལའང་སྤྱི་ལེ་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་པར་མ་ཟད། ཧུའུ་སེ་དྲག་ཆས་པའི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་དག་ས་དཀྱིལ་མཚོ་ཁོངས་སུ་བགྲོད་པར་ཨེ་ཅིབ་དང་དབྱི་སི་རལ་གྱི་མཁའ་སྲུང་མ་ལག་ལ་བརྟེན་དགོས། དེ་བས་ཁོས་བལྟས་ན་རྩ་འཛུགས་དེས་ས་དཀྱིལ་མཚོ་ཁོངས་ཀྱི་གྲུ་གཟིངས་ལ་ངེས་པ་དོན་གྱིས་འཇིགས་ཉེན་ཐེབས་སུ་འཇུག་པའི་ནུས་པ་ཡོད་དཀའ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།