ཁུ་པཱ་ཡིས་མུ་མཐུད་དུ་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
2024.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

སྐབས་ཞེ་གཉིས་པའི་ཁུ་པཱ་རྒྱལ་སྤྱིའི་ཡུལ་སྐོར་འགྲེམ་སྟོན་ཚོགས་འདུ་དེ་ཚེས་གཉིས་ཉིན་ཁུ་པཱའི་ཞེ་ཀི་ཏི་ཨ་ཝེ་ལཱ་ཞིང་ཆེན་གྱི་རྒྱལ་བོའི་མེ་ཏོག་ར་བའི་གླིང་ཚོམས་ནས་ཚོགས་མགོ་བརྩམས། ཁུ་པཱའི་ཙུང་ལི་མཱ་ལོས་ལོ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཁུ་པཱ་ཡིས་མུ་མཐུད་དུ་ཡུལ་སྐོར་ལས་རིགས་ཀྱི་སླར་གསོ་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཡུལ་སྐོར་ལས་རིགས་དང་དཔལ་འབྱོར་ལས་རིགས་གཞན་པའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

མཱ་ལོས་ལོ་ཡིས་མཚམས་སྦྱོར་བྱས་དོན། ཉིས་སྟོང་ཉེར་གསུམ་ལོར་ཁུ་པཱའི་ཡུལ་སྐོར་ལས་རིགས་དུས་མཉམ་ལས་བརྒྱ་ཆའི་ལྔ་བཅུ་འཕར་སྣོན་བྱུང་ཡོད་པ་དང་། སྔར་བཞིན་རིམས་ནད་མ་བྱུང་སྔོན་གྱི་ཆུ་ཚད་དུ་སླར་གསོ་བྱུང་མེད་ཀྱང་། གསོན་ཤུགས་རབ་ཏུ་རྒྱས་པའི་ལས་རིགས་དེར་ཁྱད་བསལ་བྱེད་མི་ཐུབ་པའི་འགྲན་རྩོད་གང་ཡང་མེད་ཟེར།

ཁུ་པཱའི་ཡུལ་སྐོར་པུའུ་ཀྲང་ཅཱ་ཞི་ཡཱ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ལམ་ཡིག་སྟེར་བར་སྟབས་བདེ་བཟོ་བའི་བྱེད་ཐབས་ཤིག་བཀོད་པ་ཁྱབ་བསྒྲགས་བྱས། བྱེད་ཐབས་དེ་ལྟར་ན། ཁུ་པཱ་ཡིས་ཟླ་ལྔ་པའི་ཚེས་དྲུག་ཉིན་ནས་ཟླ་དྲུག་པའི་ཚེས་སུམ་ཅུའི་བར་གློག་རྡུལ་ལམ་ཡིག་སྟེར་བའི་མ་ལག་ཚོད་ལྟ་བྱས་ཏེ། གནས་ཚུལ་ལ་བལྟས་ནས་རིམ་བཞིན་བཀོལ་བར་འཚམ་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་རེད།

ཁུ་པཱའི་ཡུལ་སྐོར་པུའུ་ཡི་གཞི་གྲངས་ལྟར་ན། ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་བར། ཁུ་པཱས་སྣེ་ལེན་བྱས་པའི་རྒྱལ་སྤྱིའི་ཡུལ་སྐོར་པ་མི་ཐེངས་ས་ཡ་གཅིག་ལས་བརྒལ་བ་དང་། ཁུ་པཱ་སྲིད་གཞུང་གིས་ཚོད་དཔག་བྱས་ན་ཉིས་སྟོང་ཉེར་བཞི་ལོར་རྒྱལ་སྤྱིའི་ཡུལ་སྐོར་པ་ས་ཡ་གསུམ་དང་འབུམ་ལྔ་སྣེ་ལེན་བྱེད་རྒྱུ་ཡིན་པ་རེད། རིམས་ནད་མ་བྱུང་གོང་བསྡོམས་གྲངས་དེ་བསྟུད་མར་ལོ་མང་བོར་མི་ཐེངས་ས་ཡ་བཞི་ལས་བརྒལ་ཡོད།

སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་དེ་ཟླ་ལྔ་བའི་ཚེས་ལྔ་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། མཁའ་འགྲུལ་དང་ཡུལ་སྐོར་ཁང་། མགྲོན་ཁང་སོགས་ལས་རིགས་ཀྱི་འཐུས་མི་ལྔ་བརྒྱ་ལྷག་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།