དབྱི་སི་རལ་གྱིས་ཐུར་ཁེའི་བཀག་སྡོམ་བྱེད་ཐབས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་མང་བོ་ལག་བསྟར་བྱེད་རྒྱུ་རེད།
2024.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ཐུར་ཁེ་ཡིས་དབྱི་སི་རལ་བར་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱ་འགུལ་ཚང་མ་མཚམས་འཇོག་རྒྱུ་ཐག་བཅད་པའི་ཐད་ལ་ངོ་རྒོལ་བྱེད་ཐབས་མང་བོ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་དང་དཔལ་འབྱོར་པུའུ། ཁྲལ་དོན་ཅུའུ་བཅས་ཀྱིས་གྲོས་བསྡུར་བྱས་རྗེས། བྱེད་ཐབས་སྤྱད་ནས་ཐུར་ཁེ་དང་ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གྱི་དཔལ་འབྱོར་འབྲེལ་འདྲིས་ཇེ་ཉུང་དུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱིས་ཐུར་ཁེ་ཉོ་ཚོང་གྲོས་ཆོད་དང་འགལ་བའི་ཐད་ནས་བཀག་སྡོམ་བྱེད་ཐབས་སྤྱོད་པར་སྐུལ་འདེད་བཏང་། དེའི་ཞོར་དུ་དབྱི་སི་རལ་ཕྱོགས་ཀྱིས་ཐུར་ཁེའི་ཐོན་རྫས་ནང་འདྲེན་བྱེད་པའི་ཚབ་བྱེད་གསལ་ཁྲ་གཏན་འབེབས་བྱེད་རྒྱུ་མ་ཟད། ཐུར་ཁེའི་ཆོད་དོན་གྱི་ཤུགས་རྐྱེན་ཐེབས་པའི་ཕྱིར་གཏོང་སྡེ་ཁག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་དཔལ་འབྱོར་་པུའུ་ཀྲང་པཱ་ཨར་ཁཱ་ཐི་ཡིས་ཚེས་གསུམ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་དབྱི་སི་རལ་གྱིས་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ལ་ཐུར་ཁེའི་ཆོད་དོན་དེ་ཞུ་གཏུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།