དབྱི་སི་རལ་གྱི་དམག་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།
2024.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཞི་ཉིན་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་ནས། བུད་མེད་དང་བྱིས་པ་འདུས་པའི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་དང་ལཱ་ཧྥ་གྲོང་ཁྱེར་གྱི་གནས་མང་བོའི་སྡོད་ཁང་ལ་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་དང་མེད་ཅཱ་ཆི་ཡུལ་གྱར་བའི་སྒར་ས་སོགས་ས་ཁུལ་དུ་གཅིག་བསྡུས་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་རེད།

གཞན་ཡང་ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་བཞི་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་དམག་དཔུང་ཚེས་གསུམ་ཉིན་གྱི་ནམ་གུང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་དུ་སོང་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་ལྔ་བསད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མི་གཅིག་ལ་འཁྲུག་རྩོད་རྨས་ཕོག་པ་དང་རྨས་སྐྱོན་ཚབས་ཆེན་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།