མའོ་ལོ་ཀི་ནས་དུག་རྫས་སོ་མ་ར་ཛའི་ཐོན་རྫས་ཏུན་ལྔ་ལྷག་རྩད་ཆོད།
2024.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་མའོ་ལོ་ཀིའི་བྱང་ཕྱོགས་ཀྱི་ས་དཀྱིལ་མཚོ་ཁོངས་ཀྱི་གྲུ་ཁའི་གྲོང་ཁྱེར་ཧུའུ་སེ་མཱ་ནས་དུག་རྫས་སོ་མ་ར་ཛའི་ཐོན་རྫས་ཏུན་ལྔ་དང་གྲངས་ཆུང་གསུམ་ཙམ་རྩད་ཆོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་དང་ཉེན་རྟོག་ཕྱོགས། མཚོ་དམག་བཅས་ཀྱིས་འགུལ་སྐྱོད་ཐེངས་གཉིས་སྤེལ་བ་དང་། སོ་སོར་ཧུའུ་སེ་མཱ་ཡི་མཚོ་ཁུགས་ཤིག་དང་ཉ་བདའི་གྲུ་གཟིངས་གཉིས་ཀྱི་སྟེང་ནས་དུག་རྫས་སོ་མ་ར་ཛའི་ཐོན་རྫས་ཏུན་ལྔ་དང་གྲངས་ཆུང་གསུམ་ཙམ་རྩད་ཆོད་པར་མ་ཟད། དོགས་ཡོད་མི་སྣ་ཚང་མ་འཛིན་བཟུང་བྱས་ཡོད་ཟེར། གསལ་སྒྲོག་ལས་འཛིན་བཟུང་བྱས་པའི་དོགས་ཡོད་མི་སྣའི་མི་གྲངས་གསལ་བོར་བསྒྲགས་མེད།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ནི་རྒྱལ་ཁོངས་བརྒལ་བའི་དུག་རྫས་ལྐོག་འཚོང་གི་ཁག་ཅིག་ཡིན་པ་དང་། གྱོད་དོན་དེར་ཞིབ་ཏུ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

མའོ་ལོ་ཀི་ནི་ཨ་ཧྥེ་རི་ཁ་གླིང་ནུབ་བྱང་ཕྱོགས་སུ་གནས་པ་དང་། ས་དཀྱིལ་མཚོ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ། ཡོ་རོབ་གླིང་། ཨ་ཧྥེ་རི་ཁ་གླིང་བཅས་གཅིག་ཏུ་སྦྲེལ་བའི་བསྣོལ་མཚམས་ལྟ་བུ་ཞིག་ཡིན་ལ། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་ཏུ་ཁྲིམས་འགལ་ངང་དུག་རྫས་སོ་མ་ར་ཛ་འདེབས་འཛུགས་བྱེད་པའི་གནས་ཚུལ་ཚབས་ཆེ་བར་མངོན།

ཉེ་བའི་ལོ་འགའི་རིང་ལ། མའོ་ལོ་ཀི་ཡིས་དུག་རྫས་སོ་མ་ར་ཛའི་ཐོན་རྫས་ཀྱི་ཉོ་ཚོང་འདུས་པའི་དུག་འགོག་འགུལ་སྐྱོད་ཀྱི་ཤུགས་ཚད་ཇེ་ཆེར་བཏང་། ཉིས་སྟོང་ཉེར་གསུམ་ལོར་མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གིས་དུག་རྫས་ལ་འབྲེལ་བའི་གྱོད་དོན་འབུམ་གཅིག་ཙམ་ཐོ་འགོད་བྱས་ཏེ་ཐག་གཅོད་བྱས་པ་དང་། དོགས་ཡོད་ཉེས་ཅན་འབུམ་གཅིག་དང་ཁྲི་གསུམ་ཙམ་འཛིན་བཟུང་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།