ཧཱ་མཱ་སི་ཡིས་འཐུས་ཚབ་ཚོགས་པ་མངགས་ཏེ་ཁེ་རོ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་རྒྱུ་རེད།
2024.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚེས་བཞི་ཉིན་གྱི་ཞོགས་པར་ཨེ་ཅིབ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཕཱ་ཁི་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཨེ་ཅིབ་ཀྱིས་བཏོན་པའི་དབྱི་སི་རལ་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཐད་ནས་རྣམ་འགྱུར་བསྟན། ཧཱ་མཱ་སི་ཡིས་ཨེ་ཅིབ་ཕྱོགས་ལ་བརྡ་བཏང་སྟེ། ཉིན་དེར་འཐུས་ཚབ་ཚོགས་པ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་མངག་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་དབྱི་སི་རལ་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ་ལག་བསྟར་བྱེད་རྒྱུ་དེ་ཡིན་ཟེར།

མིང་བཤད་མི་འདོད་པའི་ཨེ་ཅིབ་ཀྱི་འབྲེལ་ཡོད་མི་སྣ་གཉིས་ཀྱིས་བསྟན་དོན། ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བར་ཁག་ཐེག་ཐོབ་རྗེས། ཧཱ་མཱ་སི་ཡིས་ཨེ་ཅིབ་ཀྱིས་བཏོན་པའི་འབྲེལ་ཡོད་གྲོས་གཞི་ལ་རྣམ་འགྱུར་བསྟན། དེའི་ཞོར་དུ་ཨེ་ཅིབ་ཕྱོགས་ཀྱིས་ཧཱ་མཱ་སི་ལ་ཉེན་བརྡ་བཏང་དོན། གལ་ཏེ་དབྱི་སི་རལ་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མ་བཀོད་ན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་ཟེར། འབྲེལ་ཡོད་མི་སྣ་དེ་གཉིས་ཀྱིས་བཤད་རྒྱུར། ཨེ་ཅིབ་ཀྱི་གྲོས་གཞི་དེའི་དམིགས་ཡུལ་ནི་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་ལ་སྐུལ་འདེད་གཏོང་བ་དང་། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རྒྱུན་མཐུད་འཁྲུག་རྩོད་མཚམས་བཞག་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་སྟབས་བདེ་བཟོ་བའི་ཆེད་དུ་རེད་ཟེར།

འབྲེལ་ཡོད་མི་སྣ་དེ་གཉིས་ཀྱིས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། ཨ་མེ་རི་ཁས་ཨེ་ཅིབ་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།