ཨེ་ཅིབ་ཀྱི་སྨྱན་བྱད་ཀྱིས་ཧཱ་མཱ་སི་དང་ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཟེར།
2024.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་སྨྱན་བྱད་ཀྱིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཉིན་དེར་ཨེ་ཅིབ་ཕྱོགས་དང་མཉམ་དུ་ཁེ་རོ་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཐད་ནས་གྲོས་མོལ་བྱས་པ་དང་། འགལ་བ་མང་བོར་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད་ལ། གྲོས་མོལ་དེར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཟེར།

མིང་བཤད་མི་འདོད་པའི་ཧཱ་མཱ་སིའི་འཐུས་ཚབ་ཚོགས་པའི་ཁོངས་མི་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། ཕྱོགས་སོ་སོས་འགལ་བ་མང་བོར་ཐུན་མོང་གི་ལྟ་ཚུལ་བཀོད་པ་དང་། གྲོས་མོལ་དེར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཟེར།

དབྱི་སི་རལ་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་ཚེས་བཞི་ཉིན་འབྲེལ་ཡོད་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ལ་གྲོས་མཐུན་དེ་འབྱོར་མེད་ཟེར། ཨ་རབ་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལས་ལྡོག་སྟེ་དབྱི་སི་རལ་གྱིས་གནས་ཚུལ་གང་རུང་འོག་འཁྲུག་རྩོད་མཇུག་སྒྲིལ་བ་ལ་བརྟེན་ནས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བའི་གྲོས་མཐུན་འགོད་པར་འཐད་པ་འབྱུང་མི་སྲིད་ཟེར། གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་ཐུབ་མིན་གང་ཡིན་ཡང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་སོང་ནས་ཧཱ་མཱ་སིའི་གནས་དེའི་སྟོབས་ཤུགས་ལྷག་འཕྲོ་རྨེག་མེད་དུ་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།