ཧཱ་མཱ་སི་ཡིས་བར་འདུམ་ཕྱོགས་ཁག་གི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིའི་ཐད་ནས་ལན་བྱིན།
2024.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཨེ་ཅིབ་ནས་སྐོར་ཐེངས་གསར་བའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་མཇུག་སྒྲིལ་བར་མ་ཟད། ཨེ་ཅིབ་དང་ཁཱ་ཐར་སོགས་བར་འདུམ་ཕྱོགས་ཁག་གི་གྲོས་གཞིར་ལན་བྱིན་ཡོད་ཟེར།

ཧཱ་མཱ་སི་ཡིས་གསལ་སྒྲོག་ནང་ལན་བྱིན་པའི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད་ཀྱང་། ཧཱ་མཱ་སི་ཕྱོགས་ཀྱིས་འགན་ཁུར་བའི་རྣམ་འགྱུར་བཟང་བོས་བར་འདུམ་ཕྱོགས་ཀྱི་གྲོས་གཞིར་ལྟ་སྟངས་ཡང་དག་འཛིན་རྒྱུའི་ཚུལ་བསྟན།

ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་ཚེས་ལྔ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པ་ཚེས་ལྔ་ཉིན་གྱི་ནམ་གུང་ཨེ་ཅིབ་དང་བྲལ་ནས་ཁཱ་ཐར་དུ་ལོག་རྒྱུ་ཡིན་པ་དང་། མགོ་ཁྲིད་རིམ་པའི་བར་སྔར་ལས་ལྷག་པར་གྲོས་མོལ་བྱེད་རྒྱུ་ཡིན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ་ཕམ་ཉེས་བྱུང་མེད་ཟེར།

ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་ཧཱ་མུའུ་ཏན་གྱིས་ཚེས་ལྔ་ཉིན་སྨྱན་བྱད་ལ་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ཡོད་པ་དང་། བར་འདུམ་ཕྱོགས་ཁག་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འཆར་ཟིན་གཏན་འབེབས་བྱས་ཡོད་ལ། ཧཱ་མཱ་སིའི་མགོ་ཁྲིད་རིམ་པས་དེར་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།