ཕཱ་ནཱ་མཱའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་མགོ་བརྩམས།
2024.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ནཱ་མཱའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ལྔ་ཉིན་གྱི་ཞོགས་པ་ནས་མགོ་བརྩམས་པ་དང་། ཐོག་མའི་འདེམ་བསྐོའི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ཚེས་ལྔ་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱེད་རྒྱུ་རེད།

ཉིན་དེའི་ཞོགས་པའི་དུས་ཚོད་བདུན་སྟེང་། ཕཱ་ནཱ་མཱའི་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་སྟོང་གསུམ་ལྷག་འདེམ་དམངས་ལ་སྒོ་འབྱེད་བྱས་པ་དང་། འདེམ་ཤོག་འཕེན་པའི་དུས་ཡུན་ནི་ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་ཡས་མས་བར་རེད། འདེམ་དམངས་དག་གིས་སྐབས་རྗེས་མའི་ཙུང་ཐུང་འདེམ་དགོས་པ་ལས་གཞན་ད་རུང་རྒྱལ་ཚོགས་ཀྱི་གྲོས་མི་དང་། ས་གནས་སྲིད་གཞུང་གི་མགོ་ཁྲིད་པ། མཱེ་གླིང་དབུས་མའི་གྲོས་ཁང་གི་གྲོས་མི་སོགས་འདེམ་དགོས་པ་རེད།

བསྡོམས་པས་འདེམ་སྒུག་མི་སྣ་བརྒྱད་ཀྱིས་ཐེངས་འདིའི་ཙུང་ཐུང་འདེམ་བསྐོ་ལ་འགྲན་རྩོད་བྱེད་བཞིན་ཡོད་པ་དང་། འདེམ་དམངས་ཀྱི་རྟོག་ཞིབ་ལས་མངོན་པ་ལྟར་ན། དམིགས་འབེན་མངོན་འགྱུར་ཏང་དང་མནའ་འབྲེལ་ཏང་གི་ཐུན་མོང་འདེམ་སྒུག་པ་མུའུ་ལི་ནོའུ་དང་མི་དམངས་ཏང་གི་འདེམ་སྒུག་པ་ཐའོ་ལི་ཧའོ་སི་གཉིས་ནི་རྒྱབ་སྐྱོར་ཆེས་མང་བོ་ཐོབ་མཁན་གཉིས་ཡིན་པ་དང་། སྲིད་འཛིན་ཏང་དམངས་གཙོ་གསར་བརྗེའི་ཏང་གི་འདེམ་སྒུག་པ་ཁཱ་ལི་སོ་ཨང་ལྔ་བར་གནས་ཡོད། ཐེངས་འདིའི་འདེམ་བསྐོའི་གནས་ཚུལ་ལ་འགྱུར་ལྡོག་ཆེ་བ་དང་། ཕཱ་ནཱ་མཱའི་ལོ་རྒྱུས་སྟེང་མཇུག་འབྲས་ཚོད་དཔག་བྱེད་དཀའ་བའི་འདེམ་བསྐོའི་བྱ་འགུལ་ཞིག་ཡིན་པར་བསམ་བཞིན་ཡོད།

འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལྟར་ན། ཕཱ་ནཱ་མཱའི་ཙུང་ཐུང་གི་འདེམ་བསྐོར་སྟབས་བདེ་གྲངས་མང་ལམ་ལུགས་སྤྱོད་པ་དང་། སྐོར་ཐེངས་གསར་བའི་འདེམ་ཤོག་འཕེན་སྐབས་འདེམ་ཤོག་ཆེས་མང་བོ་ཐོབ་པའི་འདེམ་སྒུག་པ་བདམས་ཐོན་བྱེད་པ་ཡིན་ལ། ཕཱ་ནཱ་མཱའི་ཙུང་ཐུང་གི་འགན་ཡུན་ལོ་ངོ་ལྔ་ཡིན་པ་དང་བསྟུད་འགན་ཁུར་མི་རུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།