དབྱི་སི་རལ་གྱི་མཐའ་མཚམས་གྲོང་ཁྱེར་དུ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ནས་གློག་ཆད།
2024.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་བྱང་ཕྱོགས་ཀྱི་མཐའ་མཚམས་གྲོང་ཁྱེར་ཞེ་མའོ་ནཱ་རུ་ཚེས་ལྔ་ཉིན་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཏེ་གློག་ཆད་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་ཉིན་དེར་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་ཉི་ཤུ་ཙམ་གྱི་འཇབ་རྒོལ་ཐེབས་པ་དང་། དེའི་ནང་མེ་ཤུགས་འཕུར་མདའ་འགའ་ཞེ་མའོ་ནཱ་གྲོང་ཁྱེར་དུ་ལྷུང་ནས། གྲོང་ཁྱེར་དེའི་གློག་ཤུགས་མཁོ་འདོན་མཚམས་ཆད་པ་དང་གྲོང་ཁྱེར་གྱི་སྒྲིག་ཆས་ལ་གཏོར་བརླག་བཟོས་པ་རེད་ཟེར།

ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་དྲངས་པའི་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་ཆེད། དབྱི་སི་རལ་གྱིས་ཉིན་དེའི་སྔ་དྲོར་ལེ་པཱ་ནུན་གྱི་མཐའ་མཚམས་གྲོང་སྡེ་མེད་སི་ཅེ་པེ་ལེ་ལ་འགས་གཏོར་བཏང་བར་རྒོལ་ལན་སྤྲད་པ་ཡིན། ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་ཕྱི་དྲོར་དབྱི་སི་རལ་བྱང་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་བཅུ་ཕྲག་འགའ་གཏོང་འཕེན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།