ཕེ་རི་ནས་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ཁ་ལོ་བྱེད་ཐབས་བྲལ་ནས་ལོག་སྟེ་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།
2024.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕེ་རུའི་ལྷོ་ཕྱོགས་ཀྱི་ཕུའུ་ནོའུ་ཞིང་ཆེན་དུ་ཚེས་དྲུག་ཉིན་གྱི་ཞོགས་པར་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག

ཕེ་རུའི་དཔོན་ཕྱོགས་འཕྲིན་གཏོང་ཁང་ཨན་ཏིས་སི་འཕྲིན་གཏོང་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཉིན་དེའི་དུས་ཚོད་གཉིས་ཡས་མས་སུ། འགྲུལ་བ་ཉེར་བཞི་དྲུད་ཅིང་ཕུའུ་ནོའུ་ཞིང་ཆེན་གྱི་ཧུའུ་ལེ་ཡཱ་ཁཱ་གྲོང་ཁྱེར་ནས་ལམ་དུ་ཆས་ནས་ལྷོ་ཕྱོགས་ཀྱི་ཡུལ་སྐོར་གྲོང་ཁྱེར་ཁུའུ་སི་ཁི་རུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཕུའུ་ནོའུ་ཞིང་ཆེན་གྱི་གཞུང་ལམ་ཞིག་ཏུ་བགྲོད་སྐབས་གློ་བུར་དུ་ཚོད་འཛིན་བྱེད་ཐབས་བྲལ་ནས། མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་སྟེང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཡོད་པ་དང་། རྨས་ཕོག་པའི་མི་སྣ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མྱུར་ཚད་ལས་བརྒལ་བ་དང་རླངས་འཁོར་ལ་ཆག་སྐྱོན་བྱུང་བ་སོགས་ལ་འབྲེལ་བ་ཡོད་ངེས་རེད་ཟེར།

ཕེ་རུ་ནི་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ལམ་དང་རླངས་འཁོར་གྱི་གནས་ཚུལ་ཞན་པ། ཁ་ལོ་བར་དཔང་ཡིག་མེད་པ། ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་སོགས་ནི་འགྲིམ་འགྲུལ་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།