ཀྲུང་གོ་དང་ཨ་མེ་རི་ཁའི་ནུས་ཁུངས་ཁེ་ལས་ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པ་ཞིག་སི་ཏུན་དུ་བསྡུས།
2024.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཀྲུང་གོ་དང་ཨ་མེ་རི་ཁའི་ནུས་ཁུངས་ཁེ་ལས་ཀྱི་མཉམ་ལས་གླེང་སྟེགས་ཚེས་ལྔ་ཉིན་ཨ་མེ་རི་ཁའི་ནུས་ཁུངས་གྲོང་ཁྱེར་ཞིག་སི་ཏུན་དུ་བསྡུས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་རྡོ་སྣུམ་རྡོ་འགྱུར་ལས་རིགས་དང་འབྲེལ་ཡོད་ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་ཁེ་ལས་ལ་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་འདོན་སྤྲོད་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་རྡོ་སྣུམ་རྡོ་འགྱུར་ལས་རིགས་ཀྱི་དངུལ་གཏོང་དང་ལག་རྩལ། སྒྲིག་ཆས་ཐད་ཀྱི་གསར་སྐྲུན་དང་མཉམ་ལས་སྐུལ་འདེད་རྒྱུ་དེ་ཡིན།

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མི་ཡ་ལེ་ཧྲན་ཏ.ཀི་ལེན་གྱིས་གླེང་སྟེགས་སྟེང་ཤིས་ཚིག་ཕུལ་ནས་བཤད་རྒྱུར། ཚོང་ལས་འབྲེལ་བས་རྒྱལ་ཁབ་ཀྱི་འབྲེལ་བ་ལེགས་བསྒྱུར་བྱེད་ཐུབ། ནུས་ཁུངས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལས་གཞན། ད་དུང་ཀྲུང་གོའི་ནུས་ཁུངས་ཁེ་ལས་པ་གླེང་སྟེགས་ལ་ཞུགས་པ་དེས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་ཀྱི་བརྗེ་རེས་དང་ཚོང་ལས་འགྲོ་འོང་ལ་སྐུལ་འདེད་གཏོང་བ་བརྒྱུད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བར་རོགས་འདེགས་བྱེད་ངེས་ཟེར།

ཀྲུང་གོ་རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་སྒྲིག་ཆས་བཟོ་ལས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་ཀོན་ཅུན་གྱིས་བཤད་རྒྱུར། གླེང་སྟེགས་ལ་ཞུགས་པ་བརྒྱུད་དེ། རྡོ་སྣུམ་རྡོ་འགྱུར་ལས་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དང་གོ་སྐབས་ལ་ཞིབ་སྡུར་བྱེད་པ་དང་། ལས་རིགས་བདེ་ཐང་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨུ་མེ་རི་ཁའི་ནུས་ཁུངས་ཁེ་ལས་བར་གྱི་མཉམ་ལས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།

གླེང་སྟེགས་སྟེང་། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་ཚབ་པས་ཆིང་འབར་རྫས་ཐོན་ལས་ཀྱི་འཕེལ་རྒྱས་དང་གོ་སྐབས་དང་། ཐཱན་འཛིན་བསྡུ་དང་བེད་སྤྱོད། བསྡམས་ཉར་ལག་རྩལ་བཀོལ་སྤྱོད་དང་མཉམ་ལས་གོ་སྐབས་སོགས་ཀྱི་བརྗོད་དོན་ལ་དམིགས་ནས་རང་སོ་སོའི་ལྟ་ཚུལ་དང་ཉམས་མྱོང་གླེང་།

རིན་ཆེན་མཚོས་བསྒྱུར།