ཧྭ་མ་སིས་འཁྲུག་མཚམས་འཇོག་རྒྱུའི་གྲོས་གཞིར་འཐད་པ་བྱུང་བ་དྲིལ་སྒྲོག་བྱས།
2024.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱིས་ཚེས་དྲུག་ཉིན་གསལ་བསྒྲགས་སྤེལ་ནས། བར་འདུམ་ཕྱོགས་ཀྱིས་བཏོན་པའི་ཅ་ཧྲ་ས་ཁུལ་གྱི་འཁྲུག་མཚམས་འཇོག་པའི་གྲོས་གཞི་ལ་འཐད་པ་བྱུང་བ་དྲིལ་སྒྲོག་བྱས།

གསལ་བསྒྲགས་ནང་བཤད་རྒྱུར། ཧྭ་མ་སིའི་ཆབ་སྲིད་ཅུའུ་ཡི་འགོ་ཁྲིད་མི་སྣ་ཧྭ་ཉི་ཡ་ཡིས་ཉིན་དེར་ཁ་པར་བརྒྱུད་དེ་སོ་སོར་ཁ་ཐར་གྱི་དབུ་བཞུགས་བློན་ཆེན་མུའུ་ཧྭན་མོ་ཏི་དང་ཨེ་ཅིབ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཨ་པ་སི.ཁ་མའེ་ལི་གཉིས་ལ་གཏན་ཁེལ་དེ་ཁྱབ་བསྒྲགས་བྱས།

དབྱི་སི་རལ་གྱི་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། དབྱི་སི་རལ་ལ་ཧྭ་མ་སི་ཡིས་འཁྲུག་མཚམས་འཇོག་པ་དང་བཙན་བཀག་བྱས་པའི་མི་སྣ་བཙོན་བཀྲོལ་གཏོང་བའི་གྲོས་མཐུན་ཐད་ཀྱི་ཨེ་ཅིབ་ཕྱོགས་ཀྱི་ཕྱིར་ལན་འབྱོར་བ་དང་། མིག་སྔར་ཕྱིར་ལན་ལ་ཞིབ་འཇུག་བྱེད་ཀྱིན་པའི་སྒང་ཡིན།

དབྱི་སི་རལ་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ཧྭ་ཅ་ལིས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧྭ་མ་སིས་ཨེ་ཅིབ་ཀྱིས་བར་འདུམ་བྱས་པའི་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་པ་དང་། དབྱི་སི་རལ་གྱིས་གྲོས་གཞིའི་ནང་དོན་རེ་རེར་ཞིབ་བཤེར་ནན་མོ་བྱེད་ཀྱིན་ཡོད་པ་དང་། སྟོབས་ཤུགས་ཡོད་རྒུས་འབྲེལ་ཡོད་གྲོས་མོལ་དང་བཙན་བཀག་བྱས་པའི་མི་སྣ་བཙོན་བཀྲོལ་གཏོང་ཐུབ་པའི་བྱེད་ཐབས་ཡོད་ཚད་ལ་སྐུལ་འདེད་གཏོང་བཞིན་ཡོད། དེ་དང་མཉམ་དུ། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།