ཟླ5པའི་ཚེས6ཉིན། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་འཐུས་མི་ཧྥུའུ་ཚུང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱི་ཕྱོགས་བར་སྣང་གི་ཞི་བདེའི་ངོ་བོར་སྲུང་སྐྱོབ་བརྟན་པོ་བྱེད་དགོས་པའི་འབོད་སྐུལ་བཏང་སྟེ། རྒྱལ་སྤྱིའི་ཕྱིའི་བར་སྣང་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་སོ་སོས་ཕྱིའི་བར་སྣང་གི“ཁེ་སྤོགས”མཉམ་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས་ཟེར།
ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས78པའི་སྟེང་དུ། ཉིན་འགའི་སྔོན་ལ་ཨུ་རུ་སུས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྟེང་དུ། ཨ་མེ་རི་ཁ་དང་འཇར་པན་གྱིས་བཏོན་པའི་ཕྱིའི་བར་སྣང་བདེ་འཇགས་ཀྱི་གྲོས་ཆོད་འཆར་ཟིན་ཁས་མི་ལེན་པའི་ཐད་ཡོངས་བསྒྲགས་ངང་རྩོད་གླེང་བྱས་པ་རེད། ཧྥུའུ་ཚུང་གིས་གཏམ་བཤད་སྤེལ་སྐབས། མིག་སྔའི་ཕྱིའི་བར་སྣང་ཁྱབ་ཁོངས་ཀྱི་འགྲན་སློང་ཆེ་ཤོས་ནི། རྒྱལ་ཁབ་ཆེ་གྲས་ཁ་ཤས་ཀྱིས་ཕྱིའི་བར་སྣང་གི་བཙན་དབང་དོན་གཉེར་བྱས་ནས། ཕྱིའི་བར་སྣང་དེ“དམག་འཐབ་མངའ་ཁོངས”སུ་དགར་སྟེ། ཕྱིའི་བར་སྣང་གི་དམག་ཤུགས་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ཕར་རྒོལ་རང་བཞིན་གྱི་ཕྱིའི་བར་སྣང་གི་མཚོན་ཆ་ཞིབ་འཇུག་དང་གསར་སྤེལ་ཐད་བཀོད་སྒྲིག་བྱེད་པ། ཕྱིའི་བར་སྣང་གི་དམག་དོན་མནའ་མཐུན་འཛུགས་པ་བཅས་ཀྱི་བྱེད་སྤྱོད་དེ་དག་གིས་ཕྱིའི་བར་སྣང་གི་ཞི་བདེའི་ངོ་བོ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་པར་མ་ཟད། དམག་དོན་ཐད་བརྡར་ཤ་གཅོད་ནོར་ཐེབས་པ་དང་འཁྲུག་རྩོད་ཀྱི་ཉེན་ཁ་འབྱུང་བའི་ཚབས་མངོན་སུམ་ཆེ་རུ་ཕྱིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། བར་སྣང་མཚོན་ཆ་ཅན་དུ་འགྱུར་བ་དང་བར་སྣང་དམག་ཤུགས་འགྲན་སྡུར་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། བར་སྣང་ནི་གཡུལ་ས་གསར་པ་རུ་མི་འགྱུར་བར་འབད་དགོས། རྒྱལ་ཁབ་ཆེན་པོས་མིག་དཔེ་གཞན་སྟོན་བྱས་ནས། ལྟོས་མེད་བདེ་འཇགས་དང་ལྟོས་མེད་ཀྱི་ལེགས་ཆ་དོན་གཉེར་བྱེད་པའི་བསམ་གཞིགས་དང་སྲིད་ཇུས་ཅི་རིགས་དོར་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་ཕྱིའི་བར་སྣང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
ཧྥུའུ་ཚུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“བར་སྣང་ཆིངས་ཡིག”གསར་པར་གྲོས་མོལ་བྱས་ནས་དངོས་སུ་བཞག་སྟེ། བར་སྣང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད་ལམ་ལུགས་རང་བཞིན་གྱི་འགན་ལེན་སྔར་ལས་བརྟན་པོ་འདོན་སྤྲོད་བྱེད་དགོས། ཀྲུང་གོ་དང་ཨུ་རུ་སུས2008ལོར་དམག་མི་ཉུང་གཏོང་གི་གྲོས་མོལ་ཚོགས་འདུའི་སྟེང་དུ། “བར་སྣང་ཆིངས་ཡིག”གི་འཆར་ཟིན་ཕུལ་ཡོད་པས། འཆར་ཟིན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་ཁས་ལེན་ཐོབ་ཡོད་པ་དང་དེ་བསྟུན་གྱི་རྒྱབ་སྐྱོར་བྱས་ཡོད་པའི་དབང་གིས། འབྱུང་འགྱུར་གྲོས་མོལ་གྱི་རྨང་གཞིར་བརྩིས་ཆོག་ཆོག་ཡིན་ཟེར།
ཧྥུའུ་ཚུང་གིས་ཨ་མེ་རི་ཁ་དང་འཇར་པན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་སྟེང་བཏོན་པའི་ཕྱིའི་བར་སྣང་གི་བདེ་འཇགས་གྲོས་ཆོད་འཆར་ཟིན་ལ་ཁྱོན་ཡོངས་རང་བཞིན་དང་དོ་སྙོམས་རང་བཞིན་ཆེན་པོ་མེད་པའི་དབང་གིས། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཐབས་མེད། ཉིན་འགའི་སྔོན་ལ། ཨུ་རུ་སུས་བཏོན་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་གསར་པ་དེའི་ནང་དོན་སྔར་ལས་ཁྱོན་ཡོངས་ཅན་དང་དོ་སྙོམས་ཅན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་འཆར་ཟིན་དེར་རྒྱབ་སྐྱོར་བྱེད་འདོད་ཡོད་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་དེའི་ཐད་གང་མགྱོགས་ངོས་འཛིན་གཅིག་མཐུན་ཡོང་བར་འབད་དེ། ཕྱོགས་སོ་སོའི་ཕྱིའི་བར་སྣང་གི་གནད་དོན་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ལ་མཉམ་དུ་སྲུང་སྐྱོབ་བྱ་རྒྱུའི་རེ་ལྟོས་ཆེ་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།