ཚེས6ཉིན། ཨེ་ཅིབ་ཀྱི་ཁེ་རོ་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱིས་ཨེ་ཅིབ་ཀྱི་གསང་འཕྲིན་སྡེ་ཚན་གྱི་མཐོ་རིམ་མི་སྣའི་གནས་ཚུལ་སྤེལ་བར་གཞིགས་ན། ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་འདུམ་སྒྲིག་བྱེད་པའི་འགན་འཁུར་མཁན་ཨེ་ཅིབ་ཀྱི་འཐུས་མི་ཚོགས་པར་ཉིན་དེར་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་དང་དབྱི་སི་རལ་གྱི“ཡིད་འཐད་བྱུང་བའི་ལན”འབྱོར།
གནས་ཚུལ་སྤེལ་བའི་ནང་ཨེ་ཅིབ་ཀྱི་འཐུས་མི་ཚོགས་པས་ཕྱོགས་གཉིས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ཨེ་ཅིབ་ཕྱོགས་ཀྱིས“གནས་ཚུལ་ཛ་དྲག་ཏུ་འགྲོ་བ་བཀག་འགོག་དང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱ་ཆེད་མུ་མཐུད་དུ་འབད་བརྩོན་བྱ་རྒྱུ་རེད”ཅེས་འཁོད་ཡོད།
ཉིན་དེའི་དགོང་མོར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཁོས་ཅ་ཧྲ་ས་ཁུལ་གྱི་ཕྱོགས་ཡོངས་ནས་དམག་མཚམས་འཇོག་རྒྱུའི་གྲོས་མོལ་གྱི་དགེ་མཚན་ལྡན་པའི་འཕེལ་རིམ་ལ་དོ་ཁུར་ཟབ་མོ་བྱེད་བཞིན་ཡོད་པས་ཕྱོགས་སོ་སོས་འབད་བརྩོན་དེ་བས་ཆེན་པོ་བྱས་ནས། གྲོས་མཐུན་བཞག་སྟེ་ཕ་ལེ་སི་ཐན་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་སྡུག་བསྔལ་ཕོག་པ་དང་མཚམས་འཇོག་པ་དང་མཉམ་དུ་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་དགོས་ཞེས་བཤད།
ཚེས6ཉིན། ཨེ་ཅིབ་ཀྱི་གསང་འཕྲིན་སྡེ་ཚན་གྱི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཧ་མ་སིའི་འཐུས་ཚབ་ཚོགས་པ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་བསྐྱོད་དེ་ཅ་ཧྲར་དམག་མཚམས་འཇོག་རྒྱུའི་སྐོར་གྱི་ཨེ་ཅིབ་ཀྱི་གྲོས་མགོ་ལག་བསྟར་བྱ་རྒྱུར་ཞིབ་འཇུག་བྱས་ཡོད་ཅེས་བཤད། དེ་དང་ཆབས་ཅིག་ཨེ་ཅིབ་ཀྱིས་དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཁེ་རོར་གདན་དྲངས་ནས་གྲོས་མོལ་ལེགས་སྒྲུབ་བྱས་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཚེས7ཉིན་ཁེ་རོར་འབྱོར་རྒྱུ་རེད།
ཚེས6ཉིན། ཧ་མ་སིས་གསལ་བསྒྲགས་སྤེལ་ནས་འདུམ་སྒྲིག་ཕྱོགས་ཀྱིས་བཏོན་པའི་ཅ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མགོར་མོས་མཐུན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་དབྱི་སི་རལ་གྱི་ཙུང་ལི་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས་ཧ་མ་སིའི་གྲོས་མགོ་དེ་དབྱི་སི་རལ་གྱི“ལྟེ་བའི་བླང་བྱ་དང་ཧེ་བག་ཧ་ཅང་ཆེན་པོ་ཡོད”ཅེས་བརྗོད་མོད། འོན་ཀྱང་དབྱི་སི་རལ་གྱིས་རིམ་པ་མཐོ་བའི་འཐུས་ཚབ་ཚོགས་པ་ཨེ་ཅིབ་ཏུ་མངགས་ནས“དབྱི་སི་རལ་གྱིས་ཚད་ཆེས་ཆེ་བའི་སྒོ་ནས་གྲོས་མཐུན་དང་ལེན་བྱེད་ཐུབ་པ་བྱེད་རྒྱུ་ཡིན”ཞེས་བཤད། གསལ་བསྒྲགས་ནང་དམག་འཁྲུག་སྐབས་ནང་བློན་ཁང་གིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལ་ཧྥ་རུ་མུ་མཐུད་དུ་བྱ་སྤྱོད་སྤེལ་ནས། ཧ་མ་སིར་དམག་དོན་གནོན་ཤུགས་སྤྲད་དེ་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་མི་སྣ་གློད་བཀྲོལ་གཏོང་བ་དང་འབྲེལ་དམག་འཐབ་ཀྱི་དམིགས་འབེན་གཞན་དག་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་མགྲིན་གཅིག་ཏུ་བྱས་ཡོད་ཅེས་འཁོད་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།