ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་མུའུ་ལིས་ནའོ་ཡིས་པ་ན་མའི་ཙུང་ཐུང་གསར་བའི་འགན་ཁུར་བར་རྟེན་འབྲེལ་ཞུ་བཞིན་ཡོད་ཟེར།
2024.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལེན་ཅན་གྱིས་ཚེས་བདུན་ཉིན་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་མུའུ་ལིས་ནའོ་ཕཱ་ནཱ་མའི་ཙུང་ཐུང་གསར་བར་བདམས་པར་རྟེན་འབྲེལ་ཞུ་བཞིན་ཡོད་པ་དང་། ཕཱ་ན་མ་དང་མཉམ་དུ་འབད་འཐབ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ན་མའི་འདེམ་བསྐོ་ཁྲིམས་ཁང་གིས་ཚེས་ལྔ་ཉིན་གྱི་དགོང་མོར་བསྒྲགས་པའི་ཐོག་མའི་འདེམ་ཤོག་གི་གྲངས་ཀའི་གྲུབ་འབྲས་ལ་གཞིགས་ན། དམིགས་འབེན་ཏང་དང་མནའ་འབྲེལ་ཏང་གི་ཐུན་མོང་གི་འདེམ་སྒུག་མི་སྣ་མུའུ་ལིས་ནའོ་ལ་ཉིན་དེར་བསྡུས་པའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།

ལེན་ཅན་གྱིས་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱིས་ཕཱ་ན་མའི་འདེམ་བསྐོ་ཁྲིམས་ཁང་གིས་སྐུ་ཞབས་མུའུ་ལིས་ནའོ་ཕཱ་ན་མའི་ཙུང་ཐུང་གསར་བར་བདམས་པའི་གནས་ཚུལ་དྲིལ་སྒྲོག་བྱས་ཡོད་པ་མཐོང་བ་དང་། སྐུ་ཞབས་མུའུ་ལིས་ནའོ་ལ་རྟེན་འབྲེལ་ཞུས་པ་ཡིན་ཟེར།

ལེན་ཅན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཕཱ་ན་མའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕཱ་ན་མ་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ནས། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རིན་ཆེན་མཚོས་བསྒྱུར།