ཕུའུ་ཅིན་གྱིས་ཨུ་རུ་སིས་རང་ཉིད་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ཞེས་བསྟན།
2024.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

 ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐབས་གསར་པའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས7ཉིན་ཁི་ལིས་མུའུ་ལིན་ཕོ་བྲང་དུ་འགན་བཞེས་དམ་བཅའ་བཞག  ཁོས་འགན་བཞེས་གཏམ་བཤད་ཁྲོད་ཨུ་རུ་སུས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ཞེས་བསྟན།

ཉིན་དེའི་ཉིན་གུང་ཁི་ལིས་མུའུ་ལིན་ཕོ་བྲང་ཨན་ཏི་ལེ་ཡེ་ཧྥུ་ཚོམས་ཆེན་དུ་ཕུའུ་ཅིན་གྱིས་ཨུ་རུ་སུའི་རྩ་ཁྲིམས་ལ་དམིགས་ནས་ཙུང་ཐུང་གི་དམ་ཚིག་སྒྲོག་འདོན་བྱས། དེའི་རྗེས་སུ་ཨུ་རུ་སིའི་རྩ་ཁྲིམས་ཁྲིམས་ཁང་གི་འགོ་གཙོ་ཙུའོ་ཨེར་ཅིན་གྱིས་ཕུའུ་ཅིན་གྱིས་ཨུ་རུ་སིའི་ཙུང་ཐུང་གི་འགན་དངོས་སུ་བཞེས་པ་ཁྱབ་བསྒྲགས་བྱས།

ཕུའུ་ཅིན་གྱིས་དེའི་རྗེས་སུ་འགན་བཞེས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཨུ་རུ་སིར་སྲུང་སྐྱོང་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་རང་ཉིད་ཀྱི་ཆེས་ཆེ་བའི་མཚན་སྙན་དང་། འགན་འཁྲི།  བླ་ན་མེད་པའི་འོས་འགན་བཅས་ཡིན་པ་དང་། ཨུ་རུ་སིའི་མི་དམངས་ཀྱི་ཁེ་ཕན་དང་བདེ་འཇགས་ནི་ཡོད་ཚད་ལས་ལྷག་པ་ཡིན།  ཨུ་རུ་སིས་ལ་རྒྱ་ཡོད་པའི་སྒོ་ནས་དཀའ་ཚེགས་ཆེ་བའི་དུས་སྐབས་ལས་བརྒལ་ཐུབ་ངེས་ཡིན་པ་མ་ཟད།་ཡུན་རིང་གི་འཆར་འགོད་དང་རྣམ་གྲངས་ཆེན་པོ་ལག་བསྟར་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན། དུས་མཚུངས་སུ་ཨུ་རུ་སིས་རང་ཉིད་བློ་གཏད་ཆོག་པའི་གྲོགས་པོར་བརྩི་བའི་རྒྱལ་ཁབ་ཡོད་ཚད་དང་འབྲེལ་བ་བཟང་པོར་མུ་མཐུད་དུ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དང་བདེ་འཇགས་སོགས་ཀྱི་གནད་དོན་ཚུད་པའི་གླེང་མོལ་ཡོད་ཚད་དང་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་རྒྱུ་དེ་ཡིན། ཨུ་རུ་སིས་མཉམ་ལས་གྲོགས་པོ་དང་སྣེ་མང་ཅན་གྱི་འཛམ་གླིང་གི་སྒྲིག་ལམ་དང་འདྲ་མཉམ་གྱི་བདེ་འཇགས་མ་ལག་འཛུགས་པར་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

གཏམ་བཤད་མཇུག་རྫོགས་རྗེས་ཁི་ལིན་མུའུ་ལིན་ཕོ་བྲང་གི་ཕྱི་ནས་རྟེན་འབྲེལ་མེ་སྒྱོགས30གྲགས་བྱུང་། ཕུའུ་ཅིན་གྱིས་ད་དུང་ཁི་ལིས་མུའུ་ལིན་ཕོ་བྲང་ནང་གི་ཐང་ཆེན་དུ་ཙུང་ཐུང་སྐུ་སྲུང་ཚོགས་པའི་དཔོན་དམག་ལ་གཟིགས་ཞིབ་གནང་། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་དང་། ཨུ་རུ་སིའི་རྒྱལ་ཁབ་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལོ་ཅིན་དང་ཨུ་རུ་སིའི་གྲོས་ཁང་གི་གྲོས་མི།  སྲིད་གཞུང་གི་དཔོན་རིགས། དམག་དཔོན། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི། ཨུ་རུ་སིར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་མི2600ལྷག་འགན་བཞེས་མཛད་སྒོར་ཞུགས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།