དབྱི་སི་རལ་དམག་ཕྱོགས་ཀྱིས་ལཱ་ཧྥ་གྲུ་ཁའི་ཉེ་འདབས་སུ་དམག་དོན་འགུལ་སྐྱོད་སྤེལ།
2024.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཚེས་བདུན་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ནམ་གུང་དབྱི་སི་རལ་དམག་ཕྱོགས་ཀྱིས་ཅཱ་ཧྲའི་ལྷོ་ཕྱོགས་ལཱ་ཧྥ་གྲུ་ཁའི་ཉེ་འདབས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། གྲུ་ཁ་མིག་སྔར་བཀག་སྡོམ་བྱས་ཡོད།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བདུན་ཉིན་འཐབ་འཁྲུག་གནས་ཚུལ་ཁྱབ་བསྒྲགས་བྱེད་སྐབས་བཤད་རྒྱུར། ས་ངོས་དམག་དཔུང་གིས་ཚེས་དྲུག་ཉིན་གྱི་མཚན་མོར་གསང་འཕྲིན་ལྟར་ལཱ་ཧྥ་གྲུ་ཁར་ཁ་གཏད་ནས་འགུལ་སྐྱོད་སྤེལ་ནས་ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་བར་མ་ཟད། ལཱ་ཧྥ་ཤར་ཕྱོགས་ཀྱི་ཧཱ་མ་སིའི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བཤིག་བཏང་། མིག་སྔར་དབྱི་སི་རལ་དམག་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་ལཱ་ཧྥ་གྲུ་ཁ་ཚོད་འཛིན་བྱས་ཡོད། དབྱི་སི་རལ་དམག་ཕྱོགས་ཀྱིས་སྤྱི་འབྲེལ་སྨྱན་སྦྱོར་སྟེང་དབྱི་སི་རལ་དམག་གི་ཐན་ཁི་འཁོར་ལོས་ལཱ་ཧྥ་གྲུ་ཁའི་ཉེ་འདབས་སུ་དམག་དོན་འགུལ་སྐྱོད་སྤེལ་བཞིན་པའི་འདྲ་པར་སྤེལ་འདུག

ཨེ་ཅིབ་གསང་འཕྲིན་སྡེ་ཁག་ཏུ་སྡོད་པའི་དཔོན་རིགས་མི་སྣས་ཚེས་བདུན་ཉིན་གྱི་སྔ་དྲོར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་ཀྱི་རྐྱེན་གྱིས་ལཱ་ཧྥ་གྲུ་ཁའི་ཨེ་ཅིབ་ཕྱོགས་ཀྱི་སྒོ་རྒྱབ་ཟིན་པ་དང་། རོགས་སྐྱོར་དངོས་རྫས་དང་མི་སྣ་ཤར་བགྲོད་བྱེད་ཐབས་མེད་པར་གྱུར།

ལཱ་ཧྥ་དང་ཨེ་ཅིབ་གཉིས་ཀྱི་འབྲེལ་འཚམས་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་པའི་རྒྱུ་ལམ་གལ་ཆེན་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་མི་སྣ་ཐུའུ་ཨར་ཁི་ཡིས་ཚེས་དྲུག་ཉིན་རི་ནེ་ཝ་ནས་གསལ་བསྒྲགས་སྤེལ་ནས་བསྟན་དོན། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གེགས་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་ཐུབ་པར་བྱེད་དགོས་པའི་འབོད་སྐུལ་བཏང་།

མི་ཕམ་མགོན་པོས་བསྒྱུར།