ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་དང་ཧཱ་མཱ་སི་ཡིས་བློ་སྤོབས་ཆེན་པོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་པའི་སྐུལ་མ་བཏང་།
2024.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བདུན་ཉིན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགོ་ཁྲིད་པས་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོས་སྔ་མོ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གསར་འགོད་པར་བཤད་རྒྱུར། ང་ཚོ་ཕཱ་ལེ་སི་ཐན་མི་དམངས་དང་དབྱི་སི་རལ་མི་དམངས། དེ་མིན་ས་ཁུལ་ཧྲིལ་བོའི་ལས་དབང་ ཐག་གཅོད་བྱེད་པའི་དུས་སྐབས་སུ་གནས་ཡོད། དབྱི་སི་རལ་སྲིད་གཞུང་དང་ཧཱ་མཱ་སིའི་མགོ་ཁྲིད་པའི་བར་གྲོས་མཐུན་བཀོད་དེ། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་དང་བཀག་འཇུག་ཐེབས་པའི་མི་སྣ། དེའི་ཁྱིམ་མི་བཅས་ཀྱི་བཟོད་གླེགས་མེད་པའི་དཀའ་སྡུག་མཇུག་སྒྲིལ་དུ་འཇུག་པར་གལ་འགངས་ཧ་ཅང་ཆེ་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། གལ་ཏེ་མུ་མཐུད་དུ་གཟའ་འཁོར་འགའི་ཅཱ་ཧྲའི་ཞི་བདེའི་ཕྱི་འབྲེལ་བྱ་བ་ལས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་མ་ཐུབ་ན། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་དང་། ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ལཱ་ཧྥ་གྲོང་ཁྱེར་ལ་གསོད་རྨས་རང་བཞིན་གྱི་དཔུང་འཇུག་ཐེབས་ན་ཡིད་སྐྱོ་བའི་དོན་ཞིག་ཡིན་སྲིད་ལ། ད་ལྟ་ངེས་པར་དུ་ཁྲག་བཞུར་འཁྲུག་རྩོད་ལ་བཀག་འགོག་བྱས་ནས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བར་བརྩོན་ལེན་དང་། ས་ཁུལ་གྱི་གནས་བབ་གཏན་འཇགས་ཡོང་བར་རོགས་རམ་བྱས་ནས། འགས་གཏོར་རང་བཞིན་གྱི་མཇུག་འབྲས་འབྱུང་བར་སྔོན་འགོག་བྱེད་དགོས། དབུས་ཤར་ས་ཁུལ་དང་ཐ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་གོ་སྐབས་གལ་ཆེན་དེ་ཤོར་དུ་འཇུག་མི་རུང་ཟེར།

ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ལཱ་ཧྥ་རུ་ཡང་བསྐྱར་དམག་དོན་འགུལ་སྐྱོད་སྤེལ་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། སྲིད་གཞུང་གིས་གནས་བབ་ཛ་དྲག་ཏུ་འགྱུར་བའི་འགུལ་སྐྱོད་གང་རུང་སྤེལ་མཚམས་འཇོག་པ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ཕྱི་ཕྱོགས་གྲོས་མོལ་ནང་ཞུགས་པའི་སྐུལ་མ་བཏང་། ཁོས་ལཱ་ཧྥའི་དཔུང་འཇུག་ནི་འཐབ་ཇུས་ནོར་འཁྲུལ་ཞིག་དང་ཆབ་སྲིད་གནོད་འཚེ་ཞིག མི་ཆོས་རིང་ལུགས་ཀྱི་རྨི་ལམ་འཇིགས་སུ་རུང་བ་ཞིག་ཡིན་པའི་ཉེན་བརྡ་བཏང་།

ཀུའུ་ཐི་ལོས་སི་ཡིས་མྱུར་མོར་ལཱ་ཧྥ་དང་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་ཡང་བསྐྱར་སྒོ་འབྱེད་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། དེའི་ཞོར་དུ་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་པར་མ་ཟད། དབྱི་སི་རལ་གྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ལས་བྱེད་མི་སྣ་དག་བདེ་འཇགས་དང་བཀག་རྒྱ་མེད་པའི་སྒོ་ནས་ཅཱ་ཧྲ་ས་ཁུལ་དུ་འགྲོ་བར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།

ཧཱ་མཱ་སི་ཡིས་ཚེས་དྲུག་ཉིན་བར་འདུམ་ཕྱོགས་ཁག་གིས་བཏོན་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་ཡིད་འཐད་བྱུང་བ་ཁྱབ་སྒྲོག་བྱས་ཀྱང་། དབྱི་སི་རལ་ཕྱོགས་ཀྱིས་ཧཱ་མཱ་སིས་མིག་སྔར་ཁས་ལེན་བྱས་པའི་ཆ་རྐྱེན་དང་དེའི་རེ་བའི་བར་ཐག་རིང་། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་འཐབ་འཁྲུག་སྐབས་ཀྱི་ནེ་ཀི་ཡིས་མུ་མཐུད་དུ་ལཱ་ཧྥ་རུ་འགུལ་སྐྱོད་སྤེལ་ནས། ཧཱ་མཱ་སི་ལ་དམག་དོན་གནོན་ཤུགས་སྟེར་རྒྱུ་ཐག་བཅད་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བདུན་ཉིན་བསྒྲགས་པའི་འཐབ་འཁྲུག་གི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་ས་ངོས་དམག་དཔུང་གིས་ཚེས་དྲུག་ཉིན་གྱི་དགོང་མོར་ལཱ་ཧྥའི་རྒྱུ་ལམ་དུ་འགུལ་སྐྱོད་སྤེལ་ནས། ཅཱ་ཧྲ་ས་ཁུལ་ཕྱོགས་ཀྱི་རྒྱུ་ལམ་དེ་ཚོད་འཛིན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།