ཀྲུང་གོ་ཕྱོགས་ཀྱིས་ཨ་པུའུ་ཡེ་དབྱིའི་ཆབ་སྲིད་འཕེལ་རིམ་བསྐྱར་དུ་སྤེལ་ཆེད་ཆ་རྐྱེན་བསྐྲུན་རྒྱུའི་རེ་འབོད་བྱས།
2024.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཚེས7ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་པུའུ་ཡེ་དབྱིའི་གནས་བབ་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས། ཆབ་སྲིད་འཕེལ་རིམ་བསྐྱར་དུ་སྤེལ་ཆེད་ཆ་རྐྱེན་བསྐྲུན་རྒྱུའི་རེ་འབོད་བྱས།

ཏའེ་པིན་གྱིས་བཤད་རྒྱུར། སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་ནར་འགྱངས་བྱུང་བ་དེས་ཨ་པུའུ་ཡེ་དབྱིའི་གནས་བབ་ལ་ཕྱོགས་མང་པོའི་ཐད་ཀྱི་ཕོག་ཐུག་བཟོས་པ་དང་། ཡུལ་གྱར་བ་འབོར་ཆེན་ཞིག་ཡོང་ནས་ས་གནས་དེ་གའི་མི་ཆོས་ཀྱི་འགྲན་སློང་དང་ཐོན་ཁུངས་འཕྲོག་རེས་ཛ་དྲག་ཏུ་ཕྱིན་ཏེ། ཨ་པུའུ་ཡེ་དབྱིའི་ས་ཁུལ་གྱི་ཆབ་སྲིད་འཕེལ་རིམ་ལ་བཀག་རྐྱེན་ཐེབས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་གྱིས་འཁྲུག་རྩོད་མགྱོགས་མྱུར་སྒོས་ཞི་འཇགས་སུ་གཏོང་བ་དང་། སྔ་མོ་ནས་སུའུ་ཏན་ལྷོ་མ་དང་གྲོས་མོལ་མཉམ་ལས་སླར་གསོ་བྱས་ཏེ། ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་ཆབ་སྲིད་འཕེལ་རིམ་བསྐྱར་དུ་འགོ་འཛུགས་རྒྱུར་རྨང་གཞི་འདིང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

ཏའེ་པིན་གྱིས་བཤད་རྒྱུར། རིགས་རྒྱུད་ཚོ་བའི་འཁྲུག་རྩོད་སྔར་བཞིན་ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་བདེ་འཇགས་ཐད་འཕྲད་པའི་གནད་དོན་གཙོ་བོ་ཞིག་རེད།     ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་གནས་སྐབས་བདེ་འཇགས་དམག་དཔུང་རང་ངོས་ཀྱི་དབང་ཆ་དང་ཟུང་འབྲེལ་བྱས་ཏེ། རིགས་རྒྱུད་ཚོ་བ་སོ་སོར་གྲོས་མོལ་བྱས་པ་བརྒྱུད་འགལ་བ་སེལ་རྒྱུར་སྐུལ་འདེད་བཏང་ནས་ཞི་བདེ་མཉམ་གནས་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་གནས་སྐབས་བདེ་འཇགས་དམག་དཔུང་གིས་འགྲན་སློང་ཁྱད་བསད་བྱས་ནས། ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་ཧ་ཅང་ཆེན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱས།     སུའུ་ཏན་ལྷོ་མ་དང་སུའུ་ཏན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་གནས་སྐབས་བདེ་འཇགས་དམག་དཔུང་དང་མཉམ་ལས་དམ་ཟབ་བྱས་ནས་སྒྲིག་ཆས་སྐྱེལ་འདྲེན་དང་།  མཁོ་སྒྲུབ་གསབ་སྣོན།    མི་སྣའི་བདེ་འཇགས་སོགས་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་གནས་སྐབས་བདེ་འཇགས་དམག་དཔུང་ལ་འགན་སྲུང་དང་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་ཡིན་ཟེར།

ཏའེ་པིན་གྱིས་བཤད་རྒྱུར། ན་ནིང་ལོ་མཇུག་ཏུ་ཀྲུང་གོའི་ཨ་པུའུ་ཡེ་དབྱི་རུ་བསྐྱོད་པའི་ཞི་བདེ་སྲུང་སྐྱོང་གྱེན་འཕུར་གནམ་གྲུའི་ཡན་ལག་རུ་ཁག་སྐོར་བཞི་པས་བདེ་བླག་ངང་འགན་འཁྲི་སྒྲུབ་འགོ་ཚུགས་ནས་དམག་དཔུང་མངགས་པ་དང་།    བར་སྣང་སྐོར་ཞིབ་བྱེད་པ།    རྨས་མ་ཕྱིར་སྐྱེལ་བ་སོགས་ཀྱི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་གནས་སྐབས་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་གལ་ཆེན་བྱས་ཡོད།     ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་གི་ཆེད་དུ་མུ་མཐུད་དུ་ལེགས་སྐྱེས་སྔར་ལས་མང་པོ་འབུལ་འདོད་ཡོད་ཟེར།

ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་ཙམ་ཡོད་པ་དང་། དེ་ནི་སུའུ་ཏན་དང་སུའུ་ཏན་ལྷོ་མའི་བར་རྩོད་གཞིར་གྱུར་པའི་ས་ཁུལ་གྱི་གྲས་ཤིག་ཡིན།     2011ལོའི་ཟླ6པར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱིའི་གནས་སྐབས་བདེ་འཇགས་དམག་དཔུང་བཙུགས་ནས།  སུའུ་ཏན་དང་སུའུ་ཏན་ལྷོ་མས་སོ་སོར་ཨ་པུའུ་ཡེ་དབྱི་ས་ཁུལ་ནས་རང་རང་གི་དམག་དཔུང་ཕྱིར་འཐེན་བྱེད་པར་ལྟ་རྟོག་བྱེད་པའི་འགན་ཁུར་དུ་འཇུག་རྒྱུ་གཏན་འབེབས་བྱས།

ཤ་བོ་རིན་མཚོས་བསྒྱུར།