ཚེས7ཉིན་ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེར་ལི་ཁ་ཡཱས་ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཡོངས་ཁྱབ་ཁོངས་སུ་བྱ་སྤྱོད་ཅིག་སྤེལ་བའི་ཁྲོད་དུ། དུག་རྫས་ལྐོག་ཚོང་བྱེད་པའི་དོགས་ཡོད་ཉེས་ཅན365བཀག་ཉར་བྱས་པ་དང་འབྲེལ་དུག་རྫས་སྤྱི་རྒྱ217གཞུང་བཞེས་བྱས་ཟེར།
ཡེར་ལི་ཁ་ཡཱས་ཉིན་དེའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་དབྱི་སི་ཐན་པོར་དང་ཨན་ཁ་ལཱ་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན52ནས་དུག་འགོག་བྱ་སྤྱོད་སྤེལ་ནས་ཉེན་རྟོག་པ2340དང་གནམ་གྲུ9དང་དུག་འགོག་དམག་ཁྱི38བཅས་མངག་གཏོང་བྱས་ཡོད་ཟེར།
དུས་ཡུན་རིང་པོའི་ནང་ཐུར་ཁེའི་ས་ཁོངས་ནང་རྒྱལ་སྤྱིའི་དུག་རྫས་ལྐོག་འདྲེན་གྱི་གནད་དོན་ཚབས་ཆེན་བྱུང་ཡོད། 2023ལོའི་ཟླ5པའི་འདེམས་བསྐོ་ཆེན་མོ་ནས་བཟུང་ཐུར་ཁེ་སྲིད་གཞུང་གིས་དུག་རྫས་ལྐོག་ཚོང་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།