ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བརྒྱད་ཉིན་མོ་སི་ཁོ་ནས་བཤད་རྒྱུར། འདས་པའི་ལོ་བཅུའི་རིང་ལ། ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དེ་སྣེ་མང་ཅན་དུ་འགྱུར་བཞིན་པའི་འཛམ་གླིང་ཁྲོད་རང་ཚུགས་རང་མཁོ་ཡི་ལྟེ་གནས་ཤིག་ཏུ་གྱུར་ཡོད་ཟེར།
ཁུ་ལིན་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་སྟེང་ཚེས8ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཆེས་མཐོའི་དབང་ཤུགས་སྒྲིག་གཞི་སྟེ་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་ཁྱབ་ཁོངས་ཆུང་ངུའི་ཚོགས་འདུར་ཞུགས་སྐབས་གོང་གསལ་གྱི་བསམ་ཚུལ་དེ་བསྟན་པ་རེད། ཉིན་དེའི་ཚོགས་འདུར་ཞུགས་མཁན་ལ་ད་རུང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་དང་། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ། ཨེ་མེ་ནི་ཡཱའི་ཙུང་ཐུང་ཕཱ་ཧྲིན་ནེ་ཡཱང་སོགས་ཡོད།
ཕུའུ་ཅིན་གྱིས་བཤད་རྒྱུར། ད་ལྟ་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་ནི་ནུས་ལྡན་དང་གསོན་ཤུགས་ཀྱིས་ཁེངས་པའི་གཞི་གཅིག་ཅན་གྱི་རྩ་འཛུགས་ཤིག་ཡིན་པ་དང་། བྱ་བ་དེ་ཡིས་ཉོ་ཚོང་འཕེལ་རྒྱས་དང་དངུལ་གཏོང་བརྗེ་རེས། ཚོང་ལས་འབྲེལ་འདྲིས་ལ་ཤུགས་སྣོན་པ། མཉམ་ལས་འབྲེལ་བ་རྒྱ་བསྐྱེད་པ་སོགས་ལ་ཕན་ཐོགས་ཡོད།“དེ་ལས་མཐའ་མཇུག་ང་ཚོའི་རྩ་འཛུགས་ནང་ཞུགས་མཁན་ཚང་མར་ཁེ་ཕན་དངོས་ཐོབ་རྒྱུ་རེད”ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། ལོ་བཅུའི་རིང་ལ། ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དྲུག་ནས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་ལྔར་འཕར་བ་དང་། རྒྱལ་ཁབ་གཞན་པའི་ཉོ་ཚོང་བསྡོམས་འབོར60%འཕར་བ་དང་། དེ་ཨ་སྒོར་ཁྲག་ཁྲིག་ལྔ་དང་ཐེར་ཆེན་བདུན་ཐེར་འབུམ་དགུ་ནས་ཨ་སྒོར་ཁྲག་ཁྲིག་དགུ་དང་ཐེར་ཆེན་གཉིས་ཐེར་འབུམ་གསུམ་ལ་འཕར་ཡོད། ཕན་ཚུན་གྱི་ཉོ་ཚོང་བསྡོམས་འབོར་ལྡབ་གཅིག་ཙམ་འཕར་ནས་ཨ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་ལྔ་ནས་ཨ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་དགུ་ལ་འཕར་བར་མ་ཟད། 90%ཡན་གྱི་བསྡོམས་རྩིས་དེ་རང་དངུལ་བཀོལ་ནས་རྩིས་རྒྱག་བཞིན་ཡོད་ཟེར།
ད་ལོ་ནི《ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་ཆིངས་ཡིག》བཀོད་ནས་ལོ10འཁོར་བའི་ལོ་ཡིན་ཞིང་། 2014ལོའི་ཟླ5པའི་ཚེས29ཉིན། ཨུ་རུ་སི་དང་། ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་བཅས་རྒྱལ་ཁབ་གསུམ་གྱིས《ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་ཆིངས་ཡིག》བཀོད་པ་དང་། ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དེ2015ལོའི་ཟླ1ཚེས1ཉིན་དངོས་སུ་འགོ་ཚུགས་ཤིང་། ད་ལྟ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནང་དུ་ཨུ་རུ་སི་དང་། ཧཱ་སག་སི་ཐན། ཨུ་རུ་སི་དཀར་པོ། ཅིར་ཅི་སི་སི་ཐན། ཨེ་མེ་ནི་ཡཱ་བཅས་ཚུད་ཡོད། ད་ལོའི་ཟླ1ཚེས1ཉིན་ནས་བཟུང་། ཨེ་མེ་ནི་ཡཱ་ཡིས་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི2024ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།