དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ་ཉུང་མཐར་ཡང་མི16རྐྱེན་ལམ་དུ་བཏང་།
2024.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཚེས་བརྒྱད་ཉིན་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི16རྐྱེན་ལམ་དུ་བཏང་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བརྒྱད་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འགས་གཏོང་བཏང་སྟེ་ཉུང་མཐར་ཡང་མི13རྐྱེན་ལམ་དུ་བཏང་བ་དང་། ཅཱ་ཧྲའི་དབུས་ཁུལ་གྱི་ནུའུ་སེ་ལེ་ཐི་ཡུལ་གྱར་པའི་སྒར་སའི་སྡོད་ཁང་ཞིག་ལ་ཉིན་དེར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས་མི་གཅིག་རྐྱེན་ལམ་དུ་ཤོར་ཞིང་། མི་དྲུག་ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ད་རུང་ཅཱ་ཧྲའི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡུག་ནེ་སི་ལ་འགས་གཏོར་བཏང་བ་ལས།  ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་བཏང་ཡོད་ཟེར།

གཞན་ད་དུང་ཚེས་བརྒྱད་ཉིན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས་བདུན་ཉིན་གྱི་ཞོགས་པའི་དུས་སུ་ཅཱ་ཧྲའི་ཆེས་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ལ་གཅིག་བསྡུས་འགས་གཏོར་བཏང་ཞིང་། མིག་སྔར་ཉུང་མཐར་ཡང་མི35རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་ཞི་ཧྥ་སྨན་ཁང་གིས་ཉིན་དེར་གཅིག་བསྡུས་བེམ་པོ་སྦས་ས་ཞིག་རྙེད་པ་དང་། མིག་སྔར་ཉུང་མཐར་ཡང་བེམ་པོ49ཕྱིར་བླངས་ཡོད་ཟེར།

ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24རིང་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི55རྐྱེན་ལམ་དུ་ཤོར་བ་དང་། མི200ལ་རྨས་ཕོག ན་ནིང་གི་ཟླ10པར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་བ་གསར་བ་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གསུམ་དང་སྟོང་བཞི་བརྒྱད་བརྒྱ་རྐྱེན་ལམ་དུ་བཏང་ཞིང་། མི་ཁྲི་བདུན་དང་སྟོང་བརྒྱད་ལྷག་ལ་རྨས་ཕོག་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།