ཝུའུ་ཁི་ལན་གྱི་གྲོས་མི་རི་ལེ་ཙི་ནེ་ཡཱ་ཁི་ཡིས་ཚེས་བརྒྱད་ཉིན་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཉིན་དེར་ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་འཐབ་འཁྲུག་རྣམ་པ་དང་དམག་དོན་སྐུལ་སློང་གི་ཡུན་ཚད་ཡང་བསྐྱར་ཉིན་དགུ་བཅུས་ཇེ་རིང་དུ་གཏོང་བའི་ཙུང་ཐུང་བཀའ་རྒྱའི་འཆར་ཟིན་ལ་གྲོས་འཆམ་བྱུང་།
འཆར་ཟིན་དེ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁབ་འཐབ་འཁྲུག་རྣམ་པ་དང་དམག་དོན་སྐུལ་སློང་ཡུན་ཚད་དེ་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་ནས་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་རེད།
རི་ལེ་ཙི་ནེ་ཡཱ་ཁི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཉིན་དེར་སྔ་གཞུག་ཏུ་རྒྱལ་ཁབ་ཀྱི་འཐབ་འཁྲུག་རྣམ་པ་དང་དམག་དོན་སྐུལ་སློང་ཡུན་ཚད་ཡང་བསྐྱར་ཇེ་རིང་དུ་གཏོང་བའི་ཙུང་ཐུང་བཀའ་རྒྱའི་འཆར་ཟིན་ལ་གྲོས་འཆམ་བྱུང་། དེ་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཐེངས་བཅུ་གཅིག་པར་གོང་གི་བཅའ་ཁྲིམས་བཀའ་རྒྱ་དེའི་ཡུན་ཚད་ཇེ་རིང་དུ་གཏོང་བར་ཆོག་མཆན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།