མཱ་ཆི་ཏོན་བྱང་མས་གྲོས་ཁང་དང་སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ།
2024.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

མཱ་ཆི་ཏོན་བྱང་མས་ཚེས་བརྒྱད་ཉིན་གྲོས་ཁང་དང་སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། འདེམ་སྒུག་པ་སྟོང་གཅིག་དང་བདུན་བརྒྱ་ལྷག་གིས་རིམ་བཞིན་གྲོས་ཁང་གི་ལས་གནས་བརྒྱ་དང་ཉེར་གསུམ་ཁྲོད་ཀྱི་ལས་གནས་བརྒྱ་དང་ཉི་ཤུར་འགྲན་རྩོད་བྱས།

འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད་བདུན་ནས་དགོང་མོའི་དུས་ཚོད་བདུན་བར་སྤེལ་བ་དང་། གྲོས་ཁང་དང་ཙུང་ཐུང་གི་འདེམ་བསྐོའི་དངོས་གཞིའི་མཇུག་འབྲས་དེ་ཚེས་དགུ་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད།

དེའི་སྔོན་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པ་ལྟར་ན། ངོ་རྒོལ་ཏང་ཁག་གཙོ་བོ་མཱ་ཆི་ཏོན་ནང་ཁུལ་གྱི་གསར་བརྗེ་རྩ་འཛུགས་མི་རིགས་གཅིག་གྱུར་དམངས་གཙོ་ཏང་གཙོ་ཡིན་པའི་ཏང་ཁག་མནའ་འབྲེལ་ལ་རྒྱབ་སྐྱོར་ཐོབ་ཚད་མཐོ་ཡང་། ནེ་ཀི་རྩ་འཛུགས་བྱེད་པར་མཁོ་བའི་གྲོས་ཁང་གི་མ་མཐའི་ལས་གནས་རེ་གཉིས་ལོན་མིན་ད་རུང་གསལ་བོར་མི་ཤེས།

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་སྤེལ་བའི་སྐོར་ཐེངས་དང་པོའི་ཙུང་ཐུང་འདེམ་བསྐོའི་ཁྲོད། མཱ་ཆི་ཏོན་ནང་ཁུལ་གསར་བརྗེ་རྩ་འཛུགས་མི་རིགས་གཅིག་གྱུར་དམངས་གཙོ་ཏང་གི་འདེམ་སྒུག་པ་ཏཱ་ཧྥུའུ་ཁི་ཝ་དང་སྲིད་འཛིན་ཏང་མཱ་ཆི་ཏོན་སྤྱི་ཚོགས་དམངས་གཙོ་ཏང་མནའ་འབྲེལ་ནས་ཡོང་བའི་ད་ལྟའི་ཙུང་ཐུང་ཕིན་ཏཱ་ལོ་ཧྥུའུ་སི་ཅི་གཉིས་ལ་སོ་སོར་བརྒྱ་ཆའི་ཞེ་གཅིག་དང་གྲངས་ཆུང་གཉིས་དང་། བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་ལྔའི་འདེམ་ཤོག་ཐོབ་ཡོད་ལ། འདེམ་ཤོག་ཐོབ་ཚད་ཆེས་མང་བོ་རེད། མཱ་ཅི་ཏོན་བྱང་མའི་རྩ་ཁྲིམས་ལྟར་ན། གལ་ཏེ་སྐོར་ཐེངས་དང་པོའི་ཁྲོད་འདེམ་སྒུག་པ་གང་རུང་ལ་ཕྱེད་གྲངས་བརྒལ་བའི་འདེམ་ཤོག་ཐོབ་མེད་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འདེམ་བསྐོར་ཞུགས་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།