ཨུ་རུ་སིས་དམར་ཐང་དུ་དམག་གཟིགས་མཛད་སྒོ་བསྡུས་ནས་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཐོབ་ནས་ལོ་དོན་དགུ་འཁོར་བར་རྗེས་དྲན་ཞུས།
2024.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨུ་རུ་སིས་ཚེས་དགུ་ཉིན་མོ་སི་ཁོ་དམར་ཐང་དུ་དམག་གཟིགས་མཛད་སྒོ་བསྡུས་ནས། རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་དོན་དགུ་འཁོར་རྗེས་དྲན་ཞུས། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་དང་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དྲག་ཆས་དམག་དཔུང་སྐམ་དམག་གི་སྤྱི་ཁྱབ་དམག་སྤྱི་སཱ་ལིའུ་ཁི་ཧྥུའུ་རླངས་འཁོར་བསྡད་ནས་ཕྱོགས་སོ་སོའི་རུ་སྟར་ལ་གཟིགས་ཞིབ་བྱས། ཨུ་རུ་སིའི་ཙུང་ཐུང་དང་དྲག་ཆས་དམག་དཔུང་གི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པ་ཕུའུ་ཅིན་དམག་གཟིགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

དམག་མི་སྟོང་དགུ་དང་གོ་མཚོན་དང་དམག་དོན་ལག་རྩལ་དམག་ཆས་བདུན་ཅུ་ལྷག་ཐེངས་འདིའི་དམག་གཟིགས་ལ་ཞུགས་པ་དང་། དབྱི་སི་ཁན་ཏིར་འཕུར་མདའ་མ་ལག་དང་ཡ་ཨེར་སི་འཕུར་མདའ་མ་ལག་སོགས་དྲག་ཆས་གོ་མཚོན་ཡང་དམག་གཟིགས་སྟེང་ངོ་སྟོན་བྱས།

ཉིན་དེར། ཧྲིན་པིས་ཏི་པོ་སོགས་ཨུ་རུ་སིའི་གྲོང་ཁྱེར་ཉི་ཤུ་ལྷག་ནས་ཀྱང་དམག་གཟིགས་མཛད་སྒོ་བསྡུས།

1945ལོའི་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན། སུའུ་ལེན་གྱིས་དམར་ཐང་ནས་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་རྗེས་དྲན་ཞུས་པའི་དམག་གཟིགས་མཛད་སྒོ་ཐོག་མ་བསྡུས། སུའུ་ལེན་ཁ་ཐོར་རྗེས། ཨུ་རུ་སིས1995ལོ་ནས་བཟུང་། ལོ་རེ་རེའི་ཟླ་ལྔ་པའི་ཚེས་དགུ་ཉིན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཉིན་མོའི་དམག་གཟིགས་མཛད་སྒོ་དང་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་སྤེལ་བཞིན་ཡོད།

རིན་ཆེན་མཚོས་བསྒྱུར།