དབྱི་སི་རལ་གྱི་དཔོན་རིགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་མ་བྱུང་བས་དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ལཱ་ཧྥ་རུ་དཔུང་འཇུག་བྱེད་རྒྱུའི་ཚུལ་བསྟན།
2024.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་ཚེས་དགུ་ཉིན་བཤད་རྒྱུར། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བསྡུས་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་མ་ཐོབ་པས། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ལ་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་དཔོན་རིགས་དེས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཉིན་དེར་ཁེ་རོ་དང་བྲལ་ཡོད་ཟེར། དཔོན་རིགས་དེས་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་གྲོང་ཁྱེར་གྱི་ས་ཁུལ་མང་བོ་ནས་དཔུང་འཇུག་འགུལ་སྐྱོད་སྤེལ་མིན་གསལ་བོར་བསྒྲགས་མེད།

དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟི་ཡིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཁེ་རོ་ནས་བསྡུས་པའི་བརྒྱུད་པའི་གྲོས་མོལ་དེ་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་ས་ངོས་དཔུང་འཇུག་བྱས་པ་ལས་མཚམས་བཞག་པ་ཡིན་ཟེར། དབྱི་སི་རལ་གྱི་མཐོ་རིམ་དཔོན་པོ་གཞན་ཞིག་གིས་བཤད་རྒྱུར། དབྱི་སི་རལ་གྱིས་འཆར་གཞི་ལྟར་མུ་མཐུད་དུ་ལཱ་ཧྥ་གྲོང་ཁྱེར་ལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དབྱི་སི་རལ་གྱི་འཐབ་འཁྲུག་སྐབས་ཀྱི་ནེ་ཀི་ཡིས་ཚེས་དགུ་ཉིན་གྱི་དགོང་མོར་གྲོས་ཚོགས་བསྡུས་ཏེ། ལཱ་ཧྥ་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་གནད་དོན་ལ་གྲོས་བསྡུར་བྱས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཉིན་དེར་མཐོང་བ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་ཐན་ཁི་འཁོར་ལོ་དང་ཁྲབ་ལྡན་འཁོར་ལོ་མང་བོ་ལཱ་ཧྥ་དང་ཉེ་བའི་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་ཟེར།

ཨེ་ཅིབ་ཀྱི་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཐད་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མེད་པ་དང་། ཧཱ་མཱ་སི་དང་དབྱི་སི་རལ། ཁཱ་ཐར། ཨ་མེ་རི་ཁ་བཅས་ཀྱི་གྲོས་མོལ་འཐུས་མི་དག་ཨེ་ཅིབ་དང་བྲལ་ཡོད་ཟེར། མིང་བཤད་མི་འདོད་པའི་ཨེ་ཅིབ་ཀྱི་མཐོ་རིམ་དཔོན་པོ་ཞིག་གིས་བཤད་རྒྱུར། ཁེ་རོ་ནས་གྲོས་མོལ་ལ་ཞུགས་པའི་འཐུས་ཚབ་ཚོགས་པ་དག་ཁ་བྲལ་བ་དང་། འགལ་བ་རེ་འགའ་སྔར་བཞིན་ཐག་གཅོད་བྱས་མེད་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་དགུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་གཉིས་ཀྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་ཏེ། དབྱི་སི་རལ་གྱིས་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་འགུལ་སྐྱོད་ལ་ཆགས་འཇིག་རང་བཞིན་གྱི་ཤུགས་རྐྱེན་བཟོ་སྲིད་པ་དང་། ཁྱད་པར་དུ་དུས་བཅད་ལྟར་རྨས་མ་གནས་གཞན་དུ་བསྐྱལ་ནས་གསོ་བཅོས་བྱེད་པ་དང་ས་ཁུལ་དེར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་བཀག་རྒྱ་ཆེན་པོ་བཟོ་སྲིད་པའི་ཉེན་བརྡ་ཡང་བསྐྱར་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།