པེད་ཏིན་གྱིས་ཨ་མེ་རི་ཁས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དཔུང་འཇུག་བྱེད་པར་མཚོན་ཆ་འདོན་སྤྲོད་བྱེད་མི་སྲིད་པའི་ཚུལ་བསྟན།
2024.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བརྒྱད་ཉིན་བསྟན་དོན། གལ་ཏེ་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱས་ན། ཨ་མེ་རི་ཁས་དབྱི་སི་རལ་ལ་འགད་རྫས་སོགས་མཚོན་ཆ་འདོན་སྤྲོད་བྱེད་མི་སྲིད་ལ། ཨ་མེ་རི་ཁས་དེའི་སྔོན་དབྱི་སི་རལ་ཕྱོགས་ལ་འདོན་སྤྲོད་བྱསཔ་འི་འགད་རྫས་དག་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མ་གསོད་པའི་ཕྱོགས་སུ་བཀོལ་ཡོད་ཟེར།

པེད་ཏིན་གྱིས་ཉིན་དེར་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་དབྱེ་ཞིབ་བྱས་པ་ལྟར་ན། པེད་ཏིན་གྱི་རྣམ་འགྱུར་དེ་ནི་དབྱི་སི་རལ་གྱིས་ལཱ་ཧྥའི་དམག་དོན་འགུལ་སྐྱོད་ལ་མ་མཐའི་ཚད་ཐིག་བཀོད་པ་ཡིན་ལ། དེ་ལས་དོན་དུ་ཨ་མེ་རི་ཁས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་པའི་བརྒྱུད་རིམ་ཁྲོད་ནུས་པ་ངེས་ཅན་ཐོན་ཡོད་པ་ཁས་ལེན་བྱས་པ་རེད།

པེད་ཏིན་གྱིས་བསྟན་དོན། དབྱི་སི་རལ་གྱིས་ཨ་མེ་རི་ཁས་དེའི་སྔོན་རོགས་སྐྱོར་བྱས་པའི་འགད་རྫས་བཀོལ་ནས་ཅཱ་ཧྲ་ས་ཁུལ་གྱི་མི་མང་བོ་འདུས་སྡོད་བྱེད་སར་འགས་གཏོར་བཏང་ནས། མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔའི་འགུལ་སྐྱོད་དེ་ལཱ་ཧྥ་གྲོང་ཁྱེར་གྱི་ལྷོ་ངོས་དང་། ཅཱ་ཧྲ་དང་ཨེ་ཅིབ་ཀྱི་མཐའ་མཚམས་ས་ཁུལ་དུ་ཚོད་འཛིན་བྱས་ཡོད་ལ། ཨེ་ཅིབ་ལ་ཤུགས་རྐྱེན་བཟོས་ཡོད་ཀྱང་། ལཱ་ཧྥ་གྲོང་ཁྱེར་ནང་ཁུལ་གྱི་མི་མང་བོ་འདུས་སྡོད་བྱེད་སའི་ས་ཁུལ་དུ་གནོད་པ་བཟོས་མེད་ཟེར། ཁོས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་དབྱི་སི་རལ་གྱི་འཐབ་འཁྲུག་སྐབས་ཀྱི་ནེ་ཀིའི་ཁོངས་མིར་བརྡ་གསལ་བོ་བཏང་ཡོད། གལ་ཏེ་དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་གྲོང་ཁྱེར་ནང་ཁུལ་གྱི་མི་མང་བོ་འདུས་སྡོད་བྱེད་སར་དཔུང་འཇུག་བྱེད་ན། ཨ་མེ་རི་ཁའི་དམག་དོན་རྒྱབ་སྐྱོར་ཐོབ་ཐབས་མེད་ཅེས་བཤད་མྱོང་ཟེར།

པེད་ཏིན་གྱིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་དབྱི་སི་རལ་གྱི་མཁའ་སྲུང་མ་ལག་སོགས་ཀྱིས་ཕན་ནུས་ལྡན་པར་ཕྱི་ཡོང་འཇབ་རྒོལ་བཀག་འགོག་བྱེད་སྲིད་ཀྱང་། དབྱི་སི་རལ་གྱི་དམག་དཔུང་གིས་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་གང་ལེགས་མ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱེད་པ་ནི་ནོར་འཆུག་གི་བྱ་སྤྱོད་ཅིག་ཡིན་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་མེ་སྒྱོགས་སོགས་མཚོན་ཆ་འདོན་སྤྲོད་བྱེད་མི་སྲིད་ཟེར།

དེ་ནི་པེད་ཏིན་གྱིས་ཐོག་དང་པོར་ཨ་མེ་རི་ཁས་དབྱི་སི་རལ་དུ་མཚོན་ཆ་སྐོར་ཞིག་སྐྱེལ་འདྲེན་བྱེད་པའི་དུས་ཚོད་འགོར་འགྱངས་བྱེད་པའི་ཐད་ནས་གསལ་སྒྲོག་སྤེལ་བ་རེད། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཉེ་སྔོན་བསྒྲགས་པ་ལྟར་ན། པེད་ཏིན་སྲིད་གཞུང་གིས་གཟའ་འཁོར་སྔོན་མར་དབྱི་སི་རལ་དུ་སྐྱེལ་འདྲེན་བྱེད་པའི་མཚོན་ཆ་སྐོར་ཞིག་འགོར་འགྱངས་བྱེད་རྒྱུ་ཐག་བཅད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།