ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཡུལ་དངོས་ཀྱི་མང་ཚོགས་འབུམ་གཅིག་ལྷག་གིས་བདེན་དཔང་བྱས་པ་བརྒྱུད། ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་ཚེས་བརྒྱད་ཉིན་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་མཱ་སེ་རུ་འབྱོར། ཚེས་དགུ་ཉིན་ནས་བཟུང་། ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་ཧྥ་རན་སིའི་རྒྱལ་ཁོངས་ནས་བརྒྱུད་སྤྲོད་བྱེད་རྒྱུ་རེད།
ཉིན་གུང་གི་དུས་ཚོད་བཅུ་གཅིག་སྟེང་། ཨོ་རྩལ་མེ་སོན་དྲུད་ཡོད་པའི་པའེ་ལི་མུའུ་རྟགས་ཅན་གྱི་གྲུ་གཟིངས་དེ་མཱ་སེ་གྲུ་ཁའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་འབྱོར། རིགས་སྣ་ཚོགས་ཀྱི་མཚོ་གྲུ་ཆུང་བ་ཆིག་སྟོང་ལྷག་གིས་མཚོ་ངོས་ནས་མེ་སོན་གནས་དེར་སླེབས་པར་སྣེ་ལེན་བྱས་པ་དང་། པའེ་ལི་མུའུ་རྟགས་ཅན་དང་མཉམ་དུ་མཱ་སེ་གྲུ་ཁ་རྙིང་བའི་ཉེ་འདབས་མཚོ་ངོས་ནས་སྐོར་བསྐྱོད་བྱས།
སྲོད་དུས་སུ་ཡུལ་དངོས་མང་ཚོགས་ཀྱིས་སྐད་གསེང་མཐོན་པོས་ཧྥ་རན་སིའི་རྒྱལ་གླུ་མཱ་སེ་རོལ་དབྱངས་བླངས་པ་དང་བསྟུན་ནས་པའེ་ལི་མུའུ་རྟགས་ཅན་འགྲོས་དལ་མོས་གྲུ་ཁར་བསྐྱོད་པ་དང་། མིང་དུ་གྲགས་པའི་ཧྥ་རན་སིའི་སྐོར་ཞིབ་དམག་གི་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གྲུ་ཁའི་བར་སྣང་ནས་ངར་ཞགས་དང་བཅས་ཏེ་འཕུར་བ་དང་སྔ་གཞུག་ཏུ་ཨོ་རྩལ་གདུབ་ལྔ་དང་ཧྥ་རན་སིའི་རྒྱལ་དར་ཀྱི་རི་མོ་མིག་ལམ་དུ་མངོན་པར་བྱས།
པའེ་ལི་མུའུ་རྟགས་ཅན་གྲུ་ཁར་འབྱོར་རྗེས། མཱ་སེ་རོལ་དབྱངས་རོལ་ཚོགས་ཀྱིས་ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་སྐོར་བསྐྱོད་ཀྱི་མཛད་སྒོ་གཟབ་རྒྱས་ཞེས་པ་འཁྲབ་སྟོན་བྱས། ཧ་ལམ་དགོང་མོའི་དུས་ཚོད་བདུན་དང་སྐར་མ་སུམ་ཅུའི་སྟེང་དུ། 2012ལོའི་ལུན་ཏོན་ཨོ་རྩལ་འགྲན་ཚོགས་ནས་ཆུ་རྐྱལ་གྱི་གསེར་གྱི་རྟགས་མ་ལེན་མཁན་ཧྥོ་ལོ་ལིང་མཱ་ནོ་ཏུའུ་ཧྥ་རན་སིའི་སྐམ་སའི་དཔལ་འབར་སྒྲེང་མཁན་ཐོག་མ་བྱས་པ་དང་། ལག་ཏུ་དཔལ་འབར་བཟུང་ནས་པའེ་ལི་མུའུ་རྟགས་ཅན་ནས་མར་བབས་པ་དང་། དེས་ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་ཧྥ་རན་སིའི་སྐམ་སར་འབྱོར་བ་མཚོན།
མི་ཕམ་མགོན་པོས་བསྒྱུར།