དབྱི་སི་རལ་གྱི་སྨྱན་བྱད་མང་པོས་ཚེས10ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་བདེ་འཇགས་ལས་ཁུངས་ཀྱིས་ཚེས9ཉིན་གྱི་དགོང་མོར་རྒྱལ་སྲུང་དམག་གིས་ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ནས་དམག་དོན་འགུལ་སྐྱོད་རྒྱ་ཆེར་སྤེལ་རྒྱུར་ཆོག་མཆན་བཀོད། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧ་མ་སི་ཡིས་ཚེས10ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་ཚོགས་ཁག་གཞན་པའི་མགོ་ཁྲིད་པའི་བར་གྲོས་མོལ་བྱས་ཏེ། དམག་འཁྲུག་མཚམས་འཇོག་པའི་འཐབ་ཇུས་གྲོས་མོལ་ལ་ཡང་བསྐྱར་བསམ་གཞིགས་གཏོང་དགོས་ཟེར།
ཧ་མ་སི་ཡིས་གསལ་བསྒྲགས་ཁྲོད་བཤད་རྒྱུར། ཧ་མ་སིས་འདུམ་སྒྲིག་བྱེད་མཁན་ཕྱོགས་ཀྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་པར་མ་ཟད། དབྱི་སི་རལ་གྱི་ཐད་ཀར་མིན་པའི་གྲོས་མོལ་ཁྲོད་འདུམ་སྒྲིག་ཕྱོགས་ཀྱི་བྱ་བར་གཞོགས་འདེགས་གང་ལེགས་བྱས་ཤིང་། དམག་འཁྲུག་མཚམས་འཇོག་པའི་གྲོས་གཞིར་གྲོས་འཆམ་འབྱུང་བའི་རེ་བ་བྱས་ཡོད། འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱི་མགོ་ཁྲིད་མི་སྣས་དེ་དང་ལེན་བྱ་རྩིས་མི་འདུག དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་མི་བྱེད་པའི་བཀའ་དེས་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞིའི་དོན་སྙིང་ཡོད་ཚད་ཆུད་ཟོས་སུ་བཏང་བ་རེད་ཟེར།
ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས10ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཁའེ་ལི་ཡིས་ཚེས9ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་ཁ་པར་བཏང་། ཕྱོགས་གཉིས་ཀ་མུ་མཐུད་དུ་གྲོས་མོལ་དང་མཐུན་སྦྱོར་དམ་ཟབ་བྱེད་རྒྱུ་དང་། ཅ་ཧྲ་ས་ཁུལ་དུ་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ། ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་མཇུག་བསྒྲིལ་རྒྱུ་བཅས་ལ་འཐད་པ་བྱུང་ཟེར།
དེ་ལས་གཞན། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་གནོན་ཤུགས་འོག དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུར་ཚད་བཀག་ངེས་ཅན་ཐེབས་ངེས་རེད་ཟེར།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་འཐབ་ཇུས་མཐུན་སྦྱོར་མཁན་ཡོའེ་ཧན་ཁི་པེ་ཡིས་ཚེས10ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལཱ་ཧྥ་རུ་འགུལ་སྐྱོད་སྤེལ་བ་དེ་ནི་ཁྱབ་ཆེ་ཞིང་གཞི་རྒྱ་ཆེ་བའི་ས་ངོས་དཔུང་འཇུག་ཅིག་མིན་པར་འདོད། དབྱི་སི་རལ་གྱི་འགུལ་སྐྱོད་དེ་གཙོ་བོ་ལཱ་ཧྥ་འགག་སྒོའི་ཉེ་འགྲམ་གྱི་ས་ཁུལ་ཁ་ཤས་ཏུ་སྤེལ་ལ། འགུལ་སྐྱོད་ཁྲོད་ཞུགས་པའི་དབྱི་སི་རལ་གྱི་དམག་དཔུང་དང་ཐོག་ནས་གནས་དེར་བཅའ་སྡོད་བྱས་ཡོད་ཟེར། ཁི་པེ་ཡིས་ཨ་མེ་རི་ཁས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱས་པ་དང་དེའི་ཤུགས་རྐྱེན་ལ་སེམས་ཁུར་བྱེད་པ་བསྐྱར་བསྒྲགས་བྱས།
ཧྥེ་གླིང་ལྷོ་མས་ཚེས10ཉིན་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་གིས་བཀའ་ཁྱབ་བསྒྲགས་ཏེ། དབྱི་སི་རལ་གྱིས་མྱུར་དུ་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་མཚམས་འཇོག་རྒྱུ་མ་ཟད་དམག་མི་ཕྱིར་འཐེན་བྱེད་དུ་འཇུག་རྒྱུའི་རེ་བ་བཏོན། ཧྥེ་གླིང་ལྷོ་མས་ཞུ་གཏུག་རེ་ཞུའི་ཁྲོད་བཤད་རྒྱུར། བདེན་དཔག་འབོར་ཆེན་ལས་ཤེས་གསལ་ལྟར་ན། དབྱི་སི་རལ་གྱིས་ལཱ་ཧྥ་དང་བཅས་པའི་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ནི་རིགས་རྒྱུད་རྩ་མེད་དུ་གཏོང་བའི་བྱ་སྤྱོད་ཅིག་ཡིན་པས། རྒྱལ་སྤྱིའི་ཁྲིམས་ཁང་གིས་ངེས་པར་དུ་དེར་བཀག་འགོག་བྱེད་དགོས་ཤིང་། དབྱི་སི་རལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་དང་རྒྱལ་སྤྱིའི་རོགས་སྐྱོབ། རྟོག་ཞིབ་མི་སྣ་སོགས་བདེ་ལེགས་ངང་ཅ་ཧྲ་ས་ཁུལ་དུ་ཐོན་པར་ཁག་ཐེག་བྱ་རྒྱུའི་རེ་བ་བཏོན་པ་ཡིན་ཟེར།
ཧ་མ་སིས་ཚེས6ཉིན་འདུམ་སྒྲིག་ཕྱོགས་གྱིས་བཏོན་པའི་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞིར་འཐད་པ་བྱུང་བ་ཁྱབ་བསྒྲགས་བྱས་ཀྱང་། དབྱི་སི་རལ་ཕྱོགས་ཀྱིས་ཧ་མ་སིའི་ཁས་ལེན་བྱས་པའི་ཆ་རྐྱེན་དེ་ཁོ་ཚོས་བཏོན་པའི་རེ་བ་དང་བར་ཐག་ཧ་ཅང་རིང་བར་འདོད། ཧ་མ་སི་དང་དབྱི་སི་རལ། འབྲེལ་ཡོད་འདུམ་སྒྲིག་ཕྱོགས་ཀྱིས་ཚེས7ཉིན་ནས་བཟུང་། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་སྤེལ། ཚེས་དགུ་ཉིན་དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ལེགས་འགྲུབ་མ་བྱུང་བས། དབྱི་སི་རལ་གྱིས་མུ་མཐུད་དུ་ལཱ་ཧྥ་རུ་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།