ནེ་ཀྲི་རི་ཡའི་དབུས་བྱང་ཕྱོགས་ཀྱི་སློབ་ཆེན་ཞིག་གི་སློབ་མ་མང་བོ་བཙན་ཁྲིད་བྱས།
2024.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས10ཉིན་ནེ་ཀྲི་རི་ཡའི་དབུས་བྱང་ཕྱོགས་ཀྱི་ཁི་ཅི་མངའ་སྡེའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཚེས9ཉིན་དྲག་ཆས་མི་སྣ་སྐོར་ཞིག་གིས་མངའ་སྡེ་དེའི་སློབ་ཆེན་ཞིག་ལ་འཇབ་རྒོལ་བྱས་ཏེ། སློབ་མ་མང་བོ་བཙན་ཁྲིད་བྱས་ཟེར།

ཁི་ཅི་མངའ་སྡེའི་སྲིད་གཞུང་གི་མགྲིན་ཚབ་པ་ཅིན་སི་ལིས་ཧྥན་ཝོ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་སློབ་མ་དགུ་ཙམ་གར་སོང་མི་ཤེས་ཞེས་བཤད། ཁི་ཅི་མངའ་སྡེའི་སྲིད་གཞུང་གིས་བདེ་འཇགས་རྐྱེན་སྲོལ་ལག་བསྟར་བྱས་ཏེ། བཙན་ཁྲིད་བྱས་པའི་སློབ་མ་སྐྱོབ་པ་དང་བཙན་ཁྲིད་མཁན་འཛིན་བཟུང་བྱེད་བཞིན་ཡོད།

ཁི་ཅི་མངའ་སྡེའི་ཧི་ལིའུ་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཨ་པུའུ་ཏུའུ་ལེ་ལཱ་ཧི་མན་ཨ་ཞི་ཕིས་ཐ་ཡིས་བཤད་རྒྱུར། དྲག་ཆས་མི་སྣས་ཚེས་9ཉིན་གྱི་དགོང་མོར་ཉུང་མཐར་ཡང་སློབ་གྲྭའི་སྙན་ཞུ་ཚོམས་ཁང་གསུམ་ལ་འཇབ་རྒོལ་བྱས་པ་དང་། སྐབས་དེར་སློབ་མ་བཅུ་ཕྲག་འགས་ཚེས13ཉིན་ནས་བཟུང་སློབ་སྐབས་ཀྱི་རྒྱུགས་སྤྲོད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ནེ་ཀྲི་རི་ཡའི་ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དྲག་ཆས་མི་སྣ་སློབ་ཆེན་གྱི་སློབ་ཁང་དུ་འཛུལ་ནས་བར་སྣང་ལ་གང་འདོད་དུ་མེ་མདས་བརྒྱབ་པ་དང་བདེ་འཇགས་མི་སྣ་མ་ཐོན་གོང་ལ་སློབ་མ་བཙད་ཁྲིད་བྱས་ཤིང་། སློབ་མའི་ཁ་གྲངས་གསལ་བོར་མི་ཤེས་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།