ཧྲིན་པིས་ཏི་པའོ་ཡི་སྤྱི་སྤྱོད་རླངས་འཁོར་གཙང་པོར་ལྷུང་བའི་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་བདུན་ལ་འཕར།
2024.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཚེས10ཉིན་གྱི་དགོང་མོར་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཧྲིན་པིས་ཏི་པའོ་ཡི་སྤྱི་སྤྱོད་རླངས་འཁོར་གཙང་པོར་ལྷུང་བའི་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་བདུན་དུ་འཕར་ཡོད་ཅེས་བཤད།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་ཙམ་ལ། ཧྲིན་པིས་ཏི་པའོ་ཡི་སྤྱི་སྤྱོད་རླངས་འཁོར་ཞིག་ཟམ་པ་ཞིག་གི་ཐོག་སྐྱོད་སྐབས་ཚོད་འཛིན་མ་ཐུབ་པར་ཟམ་པའི་ཐོག་གི་སྐྱོབ་ར་གཏོར་ནས་གཙང་པོའི་ནང་དུ་ལྷུང་།     ཨུ་རུ་སིའི་ཛ་དྲག་གནས་ཚུལ་པུའུ་ཡིས་དོན་རྐྱེན་དེའི་ཁྲོད་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་།    གཞན་ཡང་མི་བཞི་ནད་ཐོག་སྨན་བཅོས་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཞིང་། མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་ཁྱབ་བསྒྲགས་བྱས།

ཐོག་མའི་བསྡོམས་རྩིས་ལྟར་ན།    དོན་རྐྱེན་འབྱུང་སྐབས་སྤྱི་སྤྱོད་རླངས་འཁོར་སྟེང་དུ་མི་ཉི་ཤུ་ཙམ་ཡོད།     མིག་སྔར་ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ཁ་ལོ་པ་དོགས་ཡོད་ཉེས་ཅན་དུ་བརྩིས་ནས་བཀག་ཉར་བྱས་པ་དང་འདྲི་གཅོད་བྱེད་བཞིན་ཡོད།   ཧྲིན་པིས་ཏི་པའོ་ཡི《ཧྥིན་ཐན་ཁ་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན།    ཁ་ལོ་པ་དེས་འཁོར་བཀག་ལ་སྐྱོན་བྱུང་ནས་དོན་རྐྱེན་དེ་བྱུང་བ་རེད་ཅེས་བཤད་སོང་ཟེར།

ཨུ་རུ་སིའི་ཉེན་རྟོག་ཕྱོགས་དང་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་དོན་རྐྱེན་དེར་བརྟག་དཔྱད་བྱེད་བཞིན་ཡོད།     ཧྲིན་པིས་ཏི་པའོ་ཡི་འགྲིམ་འགྲུལ་ཨུ་ཡོན་ལྷན་ཁང་གིས་སྤྱི་སྤྱོད་རླངས་འཁོར་དེ་བདག་གཉེར་བྱེད་མཁན་ཕྱོགས་ལ་་འགྲིམ་འགྲུལ་སྐྱེལ་འདྲེན་དོན་ཚན་ལས་འགལ་བའི་བྱ་སྤྱོད་ཡོད་མེད་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་མགོ་བརྩམས་ཡོད།

ཤ་བོ་རིན་མཚོས་བསྒྱུར།