ཨ་ཀེན་ཐིན་གྱི་རྒྱལ་ས་རུ་མེ་འཁོར་གདོང་ཐུག་བརྒྱབ་ནས་མི་དགུ་བཅུར་རྨས་ཕོག
2024.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨ་ཀེན་ཐིན་གྱི་ལྕགས་ལམ་ཀུང་ཟིས་ཚེས10ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་གནས་ཚུལ་བསྒྲགས་རྒྱུར།  ཉིན་དེའི་སྔ་དྲོར་རྒྱལ་ས་པོ་ཡུའེ་ནཱའོ་ཟི་ཨེ་ལིའི་ཟིའི་ལྕགས་ལམ་ཟམ་པའི་སྟེང་མེ་འཁོར་གཉིས་གདོང་ཐུག་བརྒྱབ་སྟེ། ཉུང་མཐར་ཡང་མི་དགུ་བཅུར་རྨས་ཕོག་ཡོད་ཟེར།

གནས་ཚུལ་ལས་བཤད་རྒྱུར། ས་དེའི་ཆུ་ཚོད་བཅུ་དང་སྐར་མ་སོ་གཅིག་སྟེང་དོན་རྐྱེན་བྱུང་བ་དང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།པོ་ཡུའེ་ནཱའོ་ཟི་ཨེ་ལིའི་ཟིའི་སྨན་བཅོས་མྱུར་སྐྱོབ་ཁོངས་གཏོགས་ཀྱི་འགན་འཁུར་མི་སྣ་ཨཱ་ཨར་ཝེ་ཐོ·ཁུ་ལེ་ཧྲིན་ཏིས་ཀྱིས་ཉིན་དེར་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་བྱུང་ཡུལ་གྱི་འཚོལ་སྐྱོབ་བྱ་བ་མཇུག་བསྒྲིལ་སོང་ལ་མིག་སྔར་རྐྱེན་ལམ་ཤོར་མཁན་མེད་ཟེར།  རྨས་མ་དགུ་བཅུའི་ཁྲོད་མི་སུམ་ཅུ་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཤུལ་དུ་ཡོད་པའི་རྨས་མ་རྣམས་བརྟག་དཔྱད་བྱས་པ་བརྒྱུད་སྨན་ཁང་དུ་སྡོད་མི་དགོས་པས་ཡུལ་དངོས་ནས་སྨན་བཅོས་བྱས་ཟེར།

ཨ་ཀེན་ཐིན་དཔལ་འབྱོར་པུའུ་ཡི་འགྲིམ་འགྲུལ་རྒྱལ་སྲིད་དྲུང་ཡིག་ཧྥོ་ལང་ཀི·མཱའོ་ཅེ་ཐཱ་ཡིས་ཉིན་དེར་སྲིད་གཞུང་གི་ཚབ་བྱས་ནས་རྨས་མ་དང་ཁོ་ཚོའི་ཁྱིམ་མིར་འཚམས་འདྲི་ཞུས་པར་མ་ཟད། འབྲེལ་ཡོད་རྟོག་ཞིབ་གོ་རིམ་གྱི་འགོ་ཚུགས་ཡོད་ཅེས་བཤད།

ལྷ་མོ་འཚོས་བསྒྱུར།