དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི35རྐྱེན་ལམ་དུ་བཏང་།
2024.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཚེས11ཉིན་ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།    དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲའི་ས་ཁུལ་མང་པོ་ཞིག་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི35རྐྱེན་ལམ་དུ་བཏང་།

སྤེལ་བའི་གནས་ཚུལ་ལྟར་ན།    ཚེས11ཉིན་དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ཡི་ས་ཁུལ་མང་པོ་ཞིག་འགས་གཏོར་བཏང་བ་དང་། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི13ས་གནས་དེ་གའི་སྨན་ཁང་དུ་བསྐྱལ།     ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ཏེའར་པའེ་ལ་ཧི་ཀྲ་ཝ་དབྱི་ཏ་སོགས་ས་ཁུལ་དུ་ཉིན་དེར་དབྱི་སི་རལ་དམག་གིས་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར།  གཞན་ཡང་དབྱི་སི་རལ་གྱི་དམག་གིས་ཉིན་དེར་ད་དུང་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅ་ཧྲ་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་མཁའ་རྒོལ་བྱས་ནས་ཉུང་མཐར་ཡང་མི10རྐྱེན་ལམ་དུ་བཏང་།

གཞན་ཡང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས11ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེ་ཡུལ་གྱར་པའི་སྒར་ས་དང་པེ་ཐི་ལ་ཞི་ཡ་སོགས་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ།     དབྱི་སི་རལ་སྨྱན་བྱད་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན།    ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ས་ཁུལ་དུ་སླར་ཡང་བཀོད་སྒྲིག་བྱས་ནས་དབྱི་སི་རལ་དམག་དཔུང་གིས་ས་ཁུལ་དེར་སླར་ཡང་དམག་དོན་བྱ་སྤྱོད་སྤེལ་དུ་བཅུག

ཚེས11ཉིན་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།    ན་ནིང་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གསར་དུ་འཁྲུ་རྩོད་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་པ་ཁྲི་གསུམ་དང་སྟོང་བཞི་དགུ་བརྒྱ་ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་བདུན་དང་སྟོང་བརྒྱད་ལྷག་ལ་རྨས་ཕོག

ཤ་བོ་རིན་མཚོས་བསྒྱུར།