ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཧྥུའུ་ཚུང་གིས་ཚེས་བཅུ་ཉིན་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་བླང་བྱ་ལྟར། ཕ་ལེ་སི་ཐན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་པར་མྱུར་དུ་བསྐྱར་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་གནད་དོན་འདིའི་ཐད་ནས་འགོར་འགྱངས་དང་བཀག་འགོག་མི་བཟོ་བའི་རེ་བ་བྱས་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ཀྱིས་ཉིན་དེར་ཡིད་འཐད་འདེམས་ཤོག143དང་ངོ་རྒོལ་འདེམས་ཤོག9 འདེམས་ཤོག25བསྐྱུར་བའི་བརྡས་གཅོད་མཇུག་འབྲས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ཕ་ལེ་སི་ཐན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་སྒྲིག་རིམ་གཏན་འབེབས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་ངོས་འཛིན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་དང་ལེན་བྱེད་འོས་པར་འདོད། ཧྥུའུ་ཚུང་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ཀྱིས་འདེམས་ཤོག་མང་ཤོས་ཐོབ་པར་བརྟེན་ནས་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཕ་ལེ་སི་ཐན་མི་དམངས་ཀྱིས་རང་ཚུགས་རྒྱལ་ཁབ་འཛུགས་པའི་དབང་ཆ་འདུ་བའི་རང་བདག་དབང་ཆ་ལོངས་སུ་སྤྱོད་ཆོག་པ་བསྐྱར་བསྒྲགས་བྱས་ཤིང་། ཕ་ལེ་སི་ཐན་རྒྱལ་ཁབ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་དངོས་སུ་འགྱུར་བའི་ཐོབ་ཐང་ཁག་ཐེག་བྱས་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕ་ལེ་སི་ཐན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་པའི་རེ་ཞུར་ཡང་བསྐྱར་གྲོས་ཞིབ་བྱེད་པའི་གྲོས་གཞི་བཏོན། ཀྲུང་གོ་ཕྱོགས་ཀྱིས་ལོ་རྒྱུས་རང་བཞིན་གྱི་གྲོས་ཆོད་འདིར་དགའ་བསུ་ཞུ་བཞིན་ཡོད་ལ། འདི་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བློ་འདོད་མཚོན་ཡོད་ཅིང་། ཀྲུང་གོ་ཕྱོགས་གྲོས་ཆོད་འདིའི་གྲོས་གཞི་འདོན་པའི་ནང་མཉམ་ཞུགས་ཡོད་ཟེར།
ཧྥུའུ་ཚུང་གིས་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་དེ་ལོ་ངོ་བཅུ་ཕྲག་འགའི་རིང་ཡང་ནས་བསྐྱར་དུ་བྱུང་ཞིང་། ཕ་ལེ་སི་ཐན་གྱི་མི་རབས་མང་པོའི་ཁྱིམ་གཞིས་ཤོར་ནས་དབྱི་སི་རལ་གྱི་བདག་བཟུང་འོག་ཡུལ་གྱར་གྱི་འཚོ་བ་རོལ་བཞིན་ཡོད་པས། ད་ལྟའི་འཛམ་གླིང་འདིར་རྒྱུན་ཆད་མེད་པའི་ཁ་ཐོར་དང་རྒྱུན་མཐུད་ཀྱི་འཐབ་འཛིང་བྱུང་བའི་རྨ་ཁ་ཞིག་ཡིན། རང་ཚུགས་རྒྱལ་ཁབ་འཛུགས་པ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་ཡུན་རིང་གི་རེ་མདུན་ཞིག་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་སུ་དངོས་སུ་ཞུགས་རྒྱུ་ནི་ལོ་རྒྱུས་འཕེལ་རིམ་འདིའི་ཁྲོད་ཀྱི་གནད་འགག་གི་གོམ་སྟབས་ཤིག་ཏུ་གྱུར་ཡོད། ཕ་ལེ་སི་ཐན་གྱིས་དབྱི་སི་རལ་དང་འདྲ་མཉམ་གྱི་གོ་གནས་ལོངས་སུ་སྤྱད་ཆོག་ལ། ཕ་ལེ་སི་ཐན་མི་དམངས་ཀྱིས་དབྱི་སི་རལ་གྱི་མི་དམངས་དང་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱོད་འོས། ཕ་ལེ་སི་ཐན་གྱིས་རང་ཚུགས་རྒྱལ་ཁབ་འཛུགས་པའི་འཕེལ་རིམ་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་དང་དབུས་ཤར་ས་ཁུལ་དུ་ཡུན་རིང་བརྟན་འཇགས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་འགན་སྲུང་ནུས་ལྡན་བྱེད་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འགན་འཁྲི་ཡིན་ཞེས་བཤད།
ཧྥུའུ་ཚུང་གིས་བཤད་རྒྱུར། ཡིད་སྐྱོ་བ་ཞིག་ལ་ཕ་ལེ་སི་ཐན་རྒྱལ་ཁབ་དེ་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་རེ་ཞུ་དེ་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་ཨ་མེ་རི་ཁས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཁས་ལེན་མ་བྱས། ཨ་མེ་རི་ཁས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་སྟེང་ཡང་དང་བསྐྱར་དུ་ཁས་ལེན་མི་བྱེད་པའི་དབང་ཆ་བཀོལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཡུན་རིང་མྱོངས་བཞིན་པའི་ལོ་རྒྱུས་ཀྱི་འདྲ་མཉམ་མིན་པའི་བྱེད་ཕྱོགས་ཐད་བཏོན་པའི་འབད་བརྩོན་ཐ་དག་ལ་ལུགས་མེད་ཀྱིས་བཀག་འགོག་བྱས་རྐྱེན། འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་བྱེད་པར་མི་འཚམ་པར་འདོད།
ཧྥུའུ་ཚུང་གིས་བཤད་རྒྱུར། དེ་རིང་གྲོས་འཆམ་བྱུང་བའི་གྲོས་ཆོད་འདིས་ཕ་ལེ་སི་ཐན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་སྒོ་དང་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་པའི་ཐད་བཏོན་པའི་བཀོད་སྒྲིག་སྔར་ལས་ལྷག་པ་ཞིག་ཡིན་ཞིང་། ཕ་ལེ་སི་ཐན་རྒྱལ་ཁབ་ལ་དབང་ཆ་དང་ཁྱད་དབང་གསར་བ་བསྩལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འདི་ཡོད་ཚད་ཅི་བྱ་བརྟོལ་མེད་དང་གདམ་གསེས་མེད་པའི་གནས་ཚུལ་འོག་དམིགས་བསལ་གྱིས་བཀོད་སྒྲིག་བྱས་པ་ཞིག་དང་། ཕ་ལེ་སི་ཐན་གྱིས་ཡུན་རིང་དུ་ལོ་རྒྱུས་ཀྱི་འདྲ་མཉམ་མིན་པའི་བརྙོས་བཅོས་མྱངས་པར་ཁ་གསབ་བྱས་པ་ཞིག ཨ་མེ་རི་ཁས་གང་འདོད་དུ་ཁས་མི་ལེན་པའི་དབང་ཆ་བཀོལ་བ་ཡོ་བསྲང་བྱས་པ་ཞིག་ཡིན་པར་རྒྱུས་ལོན་བྱེད་ཐུབ། ཀྲུང་གོ་ཕྱོགས་ཀྱིས་བལྟས་ན། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་སྒྲིག་རིམ་གྱིས་ཁས་ལེན་པའི་ཁྱབ་ཁོངས་ནང་དམིགས་བསལ་གྱི་བཀོད་སྒྲིག་བརྒྱབ་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕ་ལེ་སི་ཐན་གྱི་འབོད་བརྡར་ཉན་ཐུབ་པར་རོགས་བྱེད་ཐུབ་ལ། ཕ་ལེ་སི་ཐན་གྱིས་འདྲ་མཉམ་གྱི་གོ་གནས་སྟེང་དབྱི་སི་རལ་དང་གྲོས་མོལ་བྱེད་པར་རོགས་བྱེད་ཐུབ། གྲོས་ཆོད་ལས་འབྲེལ་ཡོད་བཀོད་སྒྲིག་འདི་དམིགས་བསལ་ཏུ་གཏོགས་པས་སྔོན་དཔེའི་གྲུབ་ཆ་མེད་པ་གསལ་བོར་བསྟན་ཡོད། ཀྲུང་གོ་ཕྱོགས་འབྲེལ་ཡོད་བཀོད་སྒྲིག་འདི་གནས་སྐབས་ཙམ་ཡིན་སྲིད་ལ། ནམ་ཞིག་ཕ་ལེ་སི་ཐན་རྒྱལ་ཁབ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ངོ་མར་གྱུར་ནས། མཉམ་འབྲེལ་རྒྱལ་ཚོགས་དང་ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ་འདྲ་མཉམ་གྱི་ཁེ་དབང་གང་ལེགས་སྒོས་ལོངས་སུ་སྤྱོད་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཧྥུའུ་ཚུང་གིས་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཡུན་རིང་ཐག་གཅོད་མི་ཐུབ་པའི་འགག་རྩ་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་མ་བྱས་པར་རག་ལས་ཡོད། ལོ་ངོ་མང་པོའི་རིང་དབྱི་སི་རལ་བདག་བཟུང་ཕྱོགས་ཡིན་པའི་ཆ་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིར་རྒྱུན་ཆད་མེད་པའི་གནོད་སྐྱོན་བཏང་ཞིང་། མིག་སྔར་ཟླ་བདུན་རིང་རྒྱུན་བསྲིངས་བྱས་པའི་འགལ་བ་དེས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་མདུན་ལྗོངས་རྩ་བ་ནས་བརླགས་པར་འདོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཅ་ཧྲའི་མང་ཚོགས་ལ་གཅིག་སྡུས་ཆད་གཅོད་བྱེད་པ་མཚམས་འཇོག་དགོས་ཤིང་། ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་མཚམས་བཞག་ནས། མི་ཆོས་དངོས་ཟོང་ཅ་ཧྲ་ས་ཁུལ་དུ་སྐྱེལ་བའི་བཀག་འགོག་ཡོད་ཚད་མེད་པར་བཟོ་དགོས་པར་མ་ཟད། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ངེས་གཏན་བྱེད་སྒོ་ཡོད་ཚད་མཚམས་འཇོག་དགོས་པ་དང་། ཚབས་ཆེར་འགྲོ་བཞིན་པའི་གཏན་སྡོད་མཁན་ལ་དྲག་ཤུགས་བཀོལ་བའི་བྱ་སྤྱོད་གཏན་འགོག་བྱེད་རྒྱུའི་སྐུལ་མ་བཏང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། དམག་འཁྲུག་མྱུར་དུ་མཚམས་འཇོག་པ་དང་རྒྱལ་ཁབ་གཉིས་ཀྱི་གྲོས་གཞི་ཡང་བསྐྱར་མགོ་རྩོམ་པར་སྐུལ་འདེད་བཏང་ནས། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་སྔ་མོ་ནས་ཞི་བདེ་མཉམ་གནས་མངོན་འགྱུར་བྱེད་པ་དང་། དབུས་ཁར་ས་ཁུལ་ཡུན་སྐྱོང་བདེ་འགོད་ཐད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱེད་པའི་སྒྲིག་སྲོལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་པར་རེ་ཞུ་འདོན་པའི་རྒྱལ་ཁབ་ཀྱིས་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འོས་སྦྱོར་བརྒྱུད་དགོས་ཤིང་། དེ་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཐག་བཅད་ན། ད་གཟོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོབ་པ་རེད། གལ་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་དེ་དང་ལེན་བྱ་རྒྱུའི་གྲོས་གཞི་བཏོན་ན། གྲོས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་གྲོས་ཞིབ་བྱེད་པར་སྤྲོད་དགོས་ཤིང་། གསུམ་ཆའི་གཉིས་ཡན་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཡིད་འཐད་འདེམས་ཤོག་འཐོབ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་དེ་བསྡུ་ལེན་བྱེད་ངེས་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱེད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བའི་ཉིན་དེ་ནས་བཟུང་། ཁོངས་གཏོགས་རྒྱལ་ཁབ་དེ་དངོས་སུ་དོན་ལྡན་དུ་གྱུར་བ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།