ཨུ་རུ་སིའི་ཁི་ལིས་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་བཀའ་རྒྱའི་སྟེང་མིང་བཀོད་དེ། ཙུང་ལི་མཱིས་ཧྲུའུ་སི་ཅིན་གྱིས་སྤྲད་པའི་སྲིད་གཞུང་སྒྲོམ་གཞིའི་ཇུས་གཞི་གསར་པར་ཆོག་མཆན་བཀོད།
མིང་རྟགས་བཀོད་པའི་བཀའ་རྒྱ་ལྟར་ན། ཨུ་རུ་སིའི་མ་འོངས་པའི་སྲིད་གཞུང་གསར་པའི་ཁྲོད་དུ། ཙུང་ལི་ལ་ཙུང་ལི་གཞོན་པ་བཅུ་ཡིས་གཞོགས་འདེགས་བྱེད་རྒྱུ་ཡིན་ལ། དེའི་ཁྲོད་ཙུང་ལི་གཞོན་པ་དང་པོ་གཅིག་ཡོད། སྲིད་གཞུང་གསར་བར་སྡེ་ཁག་ཉེར་གཅིག་བཙུགས་ཡོད་ལ་དེ་སྐབས་སྔོན་མའི་སྲིད་གཞུང་དང་གཅིག་འདྲ་རེད།
བཅའ་ཁྲིམས་གཏན་འབེབས་ལྟར་ན། མཱིས་ཧྲུའུ་སི་ཅིན་གྱིས་དེར་བསྟུན་གྱིས་ཨུ་རུ་སིའི་གྲོས་ཁང་ཞོལ་མར་འབྲེལ་ཡོད་སྲིད་གཞུང་གསར་བའི་པུའུ་ཀྲང་གི་འདེམས་མིའི་ཇུས་གཞི་སྤྲོད་རྒྱུ་དང་། གྲོས་ཁང་ཞོལ་མས་ཆོག་མཆན་བཀོད་རྗེས་ཨུ་རུ་སིའི་ཙུང་ཐུང་གིས་བསྐོ་འཇོག་བྱེད་དགོས་ཤིང་། དེའི་ནང་ རྒྱལ་སྲུང་པུའུ་དང་། རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ། ནང་སྲིད་པུའུ། ཁྲིམས་འཛིན་པུའུ། བྲེལ་མྱུར་གནས་ཚུལ་སྡེ་ཁག་དང་ཕྱི་འབྲེལ་པུའུ་བཅས་ཀྱི་འགན་ཁུར་མི་སྣ་ཙུང་ཐུང་དང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱིས་གྲོས་མོལ་བྱས་རྗེས་བསྐོ་འཇོག་བྱེད་དགོས།
ཚེས་བདུན་ཉིན་ཕུའུ་ཅིན་གྱིས་ཁི་ལིས་མུའུ་ལིན་ཕོ་བྲང་དུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཐེངས་ལྔ་པའི་ཙུང་ཐུང་དུས་ཡུན་གྱི་མགོ་བརྩམས་པ་རེད། ཚེས་བཅུ་ཉིན་ཕུའུ་ཅིན་གྱིས་མཱིས་ཧྲུའུ་སི་ཅིན་སྐབས་གསར་པའི་སྲིད་གཞུང་གི་ཙུང་ལི་ལ་བསྐོ་འཇོག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།