དབྱི་སི་རལ་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ཧ་ཅ་ལི་ཡིས་ཚེས12ཉིན་བརྙན་ལམ་གཏམ་བཤད་སྤེལ་ནས་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་རུ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧ་མ་སི་ལ་མུ་མཐུད་དུ་གནད་འཁེལ་རྒོལ་རྡུང་བྱེད་བཞིན་ཡོད་ཟེར།
ཧ་ཅ་ལི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ལཱ་ཧྥ་རུ་ཧ་མ་སི་ལ་གནད་འཁེལ་རྒོལ་རྡུང་བཏང་བའི་ཚུན་ལ། ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བཅུ་ཕྲག་ཁ་ཤས་བསད་པ་དང་། མཚོན་ཆ་འབོར་ཆེན་ཤེས་རྟོགས་བྱུང་ཡོད། ཧ་ཅ་ལི་ཡིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཧ་མ་སི་ཕམ་པར་གཏོང་བ་དང་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་བྱས་པའི་མི་སྣ་ཚང་མ་གློད་བཀྲོལ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུར་འབད་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས12ཉིན་དམག་འཁྲུག་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་བཤད་རྒྱུར། ཉིན་དེའི་ཕྱི་དྲོ་དང་ཚེས11ཉིན་གྱི་དགོང་མོར་དབྱི་སི་རལ་ལྷོ་རྒྱུད་གྲོང་ཁྱེར་ཨ་ཧྲི་ཁའེ་ལུང་ལ་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་བསྟུད་མར་ཐེབས་ཡོད་ཟེར།
ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲའི་ས་ཁུལ་མང་པོར་མུ་མཐུད་དུ་འབར་མདེལ་འཕངས་ཡོད། ཅ་ཧྲའི་བྱང་རྒྱུད་གྲོང་ཁྱེར་པའེ་ཐི་ལ་ཞི་ཡ་རུ་གནས་པའི་ཁ་མའེ་ལི·ཨ་ཏི་ཝན་སྨན་ཁང་གིས་བེམ་པོ12བསྡུ་ལེན་བྱས་པ་དང་། གཞན་ཡང་མི་བཅུ་ཕྲག་ཁ་ཤས་གྲོང་ཁྱེར་དེའི་བྱང་རྒྱུད་ཀྱི་སྡོད་དམངས་ཁུལ་གྱི་འཛུགས་སྐྲུན་ཞིག་རོའི་འོག་ལུས་ཡོད་པ་རེད། ཅ་ཧྲའི་བྱང་རྒྱུད་ཀྱི་ཅ་ཧྲའི་སྡོད་དམངས་ཁུལ་ཞིག་ཏུ་མི་སེར16སྔར་བཞིན་འཛུགས་སྐྲུན་ཞིག་གི་ཞིག་རོའི་འོག་ཏུ་ལུས་ཡོད། ལ་ཧྥ་རུ་གནས་པའི་ཁུ་ཝེ་ཐེའི་སྨན་ཁང་གིས་འདས་ཟིན་པའི་ཆུ་ཚོད24ནང་བེམ་པོ18བསྡུ་ལེན་བྱས། དབྱི་སི་རལ་དམག་དཔུང་གིས་བཀག་འགོག་བྱས་པར་བརྟེན་ས་གནས་དེ་གའི་སྨན་བཅོས་སྐྱོབ་བཅོས་བྱ་བར་ཐོག་མཐའ་བར་གསུམ་དུ་དཀའ་ངལ་འཕྲད་ཡོད།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས12ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་ཟིན་པའི་ཆུ་ཚོད24ནང་ཅ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་ནས་མི63རྐྱེན་ལམ་དུ་ཤོར་བ་དང་། མི114ལ་རྨས་སྐྱོན་ཕོག་ཡོད། ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གསར་པ་བྱུང་བ་ནས་བཟུང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་གྱི་མི་ཁྲི་གསུམ་དང་སྟོང་ལྔ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་བདུན་དང་སྟོང་བརྒྱད་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཤ་བོ་གསེར་མཚོས་བསྒྱུར།